Thursday, September 28, 2023

སློབ་རིམ སྡེ་ཚན་ དབྱིན་ཚེས་ གཟའ དུས་ཡུན་སྐར་མ་ ༡༢ ཅ་ ༨-༡༢/༩/༢༠༢༣ སྤེན་པ། ༥༠ ཤེས་བྱའི་གནས སྐད་ཡིག་དང་ཡིག་སྦྱོར། དོན་ཚན་ སླར་བསྡུ། རྒྱན་སྡུད། ལྷག་བཅས། འབྱེད་སྡུད། དགར་སྡུད། ནི་སྒྲ། དང་སྒྲ། དེ་སྒྲ། ལྕོགས་གྲུབ་ སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་ལས་ཚིག་ཕྲད་བཅུ་གཅིག། སློབ་སྟོན་ཐབས་ཤེས། སློབ་ཁང་གཞི་བཀོད། སློབ་སྟོན་མཁོ་ཆས། གློག་རིག་མཁོ་ཆས། སློབ་ཕྲུག་གི་ ཧེ་མའི་ཤེས་ཡོན། མི་ཚེའི་རིག་རྩལ། དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ། བརྡ་དོན་འཕྲུལ་རིག་ལག་ལེན་གྱི་ཐབས་ལམ། རིག་སྡུར་བརྗེ་སོར། སྤྱན་ཞུ་འབད་ཐངས། འགྲུལ་འཕྲིན། ཕར་གཟུགས་སྟོན་འཕྲུལ། རྣམ་དབྱེ་༨་ཀྱི་སྐོར་ཧ་གོ་སྟེ་ཡོད། ཕན་ཚུན་མཐུན་འབྲེལ་རིག་རྩལ། གསར་རྩལ་མནོ་བསམ་རིག་རྩལ། མི་སྡེ་སྟོབས་ཤུགས། ཤེས་ཡོན། ལས་དོན་ སློབ་སྟོན་འདི་མཇུག་བསྡུཝ་ད་སློབ་ཕྲུག་ཚུ་གིས་ (དོན་ཚན་འདི་ནང་ཚང་དགོཔ་ སློབ་ཕྲུག་ཚུ་གི་གནས་ཚད་དང་བསྟུན་ བརྩི་མཐོང་ལྡན་པའི་ལུས་ངག་ཡིད་གསུམ་གྱི་རྩལ་གྱི་སྒོ་ལས་ཐད་ཀར་དུ་བསྒྲུབ་ཚུགས་པའི་ཚིག་ཚུ་བཙུགས་དགོ) ༡ རིག་རྩལ་= གློག་རིག་མཁོ་ཆས་ལག་ལེན་འཐབ་ཐོག་ལས་བཤུས་བརྙན་བཟོ་ནི། ༢ བྱ་རིམ་= གློག་རིག་མཁོ་ཆས་ལག་ལེན་འཐབ་ཐོག་ལས་ སྡེ་ཚན་རང་སོའི་སྤྱན་ཞུ་འབད་ནི། ༣ ཉམས་རྩལ་= དོན་ཚན་འདི་གིས་སྦེ་ མི་ཚེས་ནང་སྤྱན་ཞུའི་དཀའ་ངལ་གསལ་ནི་དང་ སྡེ་ཚན་ནང་ལཱ་འབད་དེ་ མི་སྡེ་མཐུན་འབྲེལ་ཡར་རྒྱས་འགྱོ་སྟེ་ མ་འོངས་པ་ལུ་ མི་སྡེ་ནང་ལཱ་ག་ཅི་རང་འབད་དགོ་རུང་ དཀའ་ངལ་མི་འབྱུང་ནི་ཚུ་ཨིན། སློབ་གྲྭ་མཆོག་གྱུར་གྱི་ཁྱད་ཆོས་དགུ་ལས་= ༡ སློབ་ཕྲུག་གིས་སློབ་དཔོན་གྱི་འགན་ལེན། ༢ དགའ་སྤྲོ། སློབ་སྟོན་ངོ་སྤྲོད། (དྲན་པ་བཀུག་ནི་ བཀོད་རྒྱ་བྱིན་ནི་ ཉམས་མྱོང་དང་འབྲེལ་བའི་བརྡ་དོན་ནང་འདེབས་འབད་ནི་ ལྷབ་སྦྱང་སྦྱོང་ལཱ་ཚུ་བཀོད་ནི་ ལྷབ་སྦྱང་སྦྱོང་ལཱ་དབྱེ་ཞིབ་ཀྱི་ཐབས་ལམ་ཚུ་བཀོད་ནི་ སྦྱོང་ལཱ་རྒྱབ་སྐྱོར་དང་དབྱེ་ཞིབ་འཕྲོ་མཐུད་འབད་ནི་ ལེགས་བཅོས་ཀྱི་དོན་ལུ་བསམ་ལན་བཀོད་ནི་ལ་སོགས་པ་ཚུ་བཀོད་དགོ ) སློབ་དཔོན་གྱི་སྦྱོང་ལཱ།་ སློབ་ཕྲུག་གི་སྦྱོང་ལཱ། དྲན་པ་བཀུག་སྟེ་ སྤྱན་ཞུའི་ལས་རིམ་ཚུ་གི་སྐོར་ལས་རིམ་པ་སྒྲིག་སྟེ་སླབ་ནི། སྡེ་ཚན་རེ་བཞིན་སྤྱན་ཞུ་འབད་ནི། སློབ་སྟོན་དངོས། (དྲན་པ་བཀུག་ནི་ བཀོད་རྒྱ་བྱིན་ནི་ ཉམས་མྱོང་དང་འབྲེལ་བའི་བརྡ་དོན་ནང་འདེབས་འབད་ནི་ ལྷབ་སྦྱང་སྦྱོང་ལཱ་ཚུ་བཀོད་ནི་ ལྷབ་སྦྱང་སྦྱོང་ལཱ་དབྱེ་ཞིབ་ཀྱི་ཐབས་ལམ་ཚུ་བཀོད་ནི་ སྦྱོང་ལཱ་རྒྱབ་སྐྱོར་དང་དབྱེ་ཞིབ་འཕྲོ་མཐུད་འབད་ནི་ ལེགས་བཅོས་ཀྱི་དོན་ལུ་བསམ་ལན་བཀོད་ནི་ ལ་སོགས་པ་ཚུ་བཀོད་དགོ ) སློབ་དཔོན་གྱི་སྦྱོང་ལཱ། སློབ་ཕྲུག་གི་སྦྱོང་ལཱ། དོན་ཚན་གྱི་གོ་དོན་ཚུ་ རིམ་བཞིན་ གོ་བ་སྤྲོད་དོན་ལུ་སློབ་ལྷབ་སྦྱང་པ་ལུ་སྤྱན་ཞུ་འབད་བཅུག་ནི། བར་ན་ལས་དྲན་འཚོར་འབད་ནི་གི་དོན་ལུ་ དྲི་བ་དྲི་ལན་འབད་བཅུག་ནི། གོ་བ་ཉན་ནི་དང་ དོགས་བསལ་འབད་ནི། དྲི་བ་བཀོད་ནི། ལན་སླབ་ནི། སྦྱོང་ལཱ་དབྱེ་ཞིབ་ཐབས་ལམ། (སློབ་ཕྲུག་གི་སྦྱོང་ལཱ་ཚུ་དབྱེ་ཞིབ་འབད་ཐངས་ཀྱི་ཐབས་ལམ་ཚུ་བཀོད་དགོ) ལྷབ་སྦྱང་པ་ཚུ་གིས་ སྤྱན་ཞུ་འབད་བའི་སྐབས་སུ་ དབྱེ་ཞིབ་ཚད་གཞི་བཟོ་ཡོད་མི་དང་བསྟུན་ དབྱེ་འབད་དེ་སྐུགས་བྱིན་ནི། སློབ་སྟོན་མཇུག་བསྡུ། (སློབ་སྟོན་མཇུག་བསྡུ་ཐབས་ལམ་ཚུ་བཀོད་དགོ) སློབ་དཔོན་གྱི་སྦྱོང་ལཱ། སློབ་ཕྲུག་གི་སྦྱོང་ལཱ། དོན་ཚན་གྱི་སྐོར་དྲི་ལན་འབད་ནི་དང་ བསམ་ལན་སྦྱིན་ནི། དོན་ཚན་གྱི་སྐོརབཅུད་བསྡུ་གི་དོགས་བསལ་འབད་ནི། བསམ་ལན་བཀོད་ནི། སློབ་སྟོན་པ་ཡེ་ཤེས་བློ་གྲོས།

འཕྲུལ་རིག་གི་མཁོ་ཆས་blogging site, Google Classroom messaging tool

འཕྲུལ་རིག་གི་མཁོ་ཆས་blogging site, Google Classroom messaging tool ཚུ་ལག་ལེན་འཐབ་སྟེ་ ལྷབ་སྦྱང་འབད་མི་ཚུ་ལུ་དང་པ་ བརྡ་དོན་སྤྲོད་ལེན་འབད་ནི་ལུ་སྤྲོ་བ་དང་ དང་འདོད་བསྐྱེད་དེ་དོན་སྨིན་ཅན་ལུ་འགྱུར་བའི་ཕན་པ་དང་ ལྷབ་སྦྱང་འབད་མི་དང་ལམ་སྟོན་འབད་མི་ གཉིས་ཆ་རའི་ཧོང་ལས་གོ་ཡངས་ཀྱི་ཐོག་ལས་ མཉམ་འབྲེལ་འབད་དེ་ སློབ་སྟོན་དང་འབྲེལ་བའི་བརྡ་དོན་དང་ ཐོན་སྐྱེད་ འཚོལ་ཞིབ་འབད་ནི་དང་ ཕམ་ཚུའི་ཁ་ཐུག་ལས་འབད་རུང་སློབ་སྦྱོང་ཡར་འཕེལ་གྱི་དོན་ལུ་རྒྱབ་སྐྱོར་འབད་ནི་དང་ ཨ་ལུ་ཚུ་གི་ལཱ་གི་སྐོར་ལས་ཧ་གོ་ནི་ཚུ་གི་ཕན་པ་ཡོདཔ་ཨིན། དེ་ལས་ང་བཅས་དུས་རྒྱུན་ལག་ལེན་འཐབ་མི་མཁོ་ཆས་འདི་གིས་གྲོས་བསྡུར་ དངོས་འབྲེལ་འབད་དེ་འབད་ནི་དང་ དེ་འབད་དུས་ཚོད་མེད་པ་ཅིན་ དངོས་འབྲེལ་འབད འཛོམས་མ་དགོ་པར་zoomདང་Padlet ལ་སོགས་ཚུ་ལག་ལེན་འཐབ་སྟེ འབད་ནི་ཚུ་ཡོདབ་མ་ཚད་ མཐོང་ཐོས་ཀྱི་དོན་ལུ་ཡང་ བཤུད་བརྙན་ppt དང་གློག་བརྙན་ Piktochartཚུ་ཡང་ལག་ལེན་འཐབ་བཅུག་སྟེ་འབད་བ་ཅིན་ ལྷབ་སྦྱང་གི་ལྕོགས་གྲུབ་ཚུ་སྔར་ལས་ལྷག་འབད་ ཡར་འཕར་འགྱོ་ནི་གི་ནུས་པ་དང་ཉམས་མྱོང་ཡང་ ལེ་ཤ་འཐོབ་ནི་གི་ཕན་པ་སྦོམ་ཡོདཔ་ཨིན་ ཨིན་རུང་ད་ལྟོའི་གནས་སྟགས་དང་བསྟུན་པ་ཅིན་ འཁོ་ཆས་ སྤྱི་སྙོམས་འབད་མེདཔ་ལས་གདོང་ལེན་ཚུ་ཡང་ཡོདཔ་ཨིན་ནོ། འགྲོ་འགྲུལ་བཀག་དམ་གྱི་སྐབས་སུ་ ང་རའི་སློབ་སྟོན་དང་ལྷབ་སྦྱང་གི་སྐོར་ལས་ བཀོད་པ་ཅིན་ ད་ལྟོ་ཚུན་དངོས་འབྲེལ་འབད་ར་སློབ་སྟོན་འབད་སྡོད་ནི་འདི་གིས་ ཧང་ཏོ་མ་ དངོས་འབྲེལ་མེན་འབད་སློབ་སྟོན་འབད་དགོཔ་དང་ ག་དེ་སྦེ་འབད་ན་མ་ཤེས་པར་ནང་དོག་པའི་དུས་སྐབས་ཅིག་ཡང་ཤར་ཡོད་ཟེར་ཞུ་ནི་ཨིན། ཨིན་རུང་རང་གི་ཧོང་ལས་ ཆ་རོགས་གནས་སྐབས་ཡོད་མི་ཚུ་དང་གྲོས་བསྡུར་འབད་དེ་ དང་པ་ར་སློབ་ཁང་གི་སྡེ་ཚན་WeChat ལག་ལེན་འཐབ་སྟེ་སློབ་སྟོན་འབད་ཡོད་རུང་ བྱ་སྟབས་མ་བདེ་འབྱུང་ཡོདཔ་ལས་ དེ་ལས་ཚུར་རིམ་བཞིན་ Google Apps ཚུ་ལྷབ་སྦྱང་འབད་དེ་ སློབ་ཕྲུག་ཚུ་དང་ཡོངས་འབྲེལ་འཕྲུལ་རིག་ཐོག་འབྲེལ་བ་འཐབ་སྟེ་སློབ་སྟོན་འབད་དེ་ འཕྲུལ་རིག་ལུ་ཧེ་མ་ལས་སྤྲོ་བ་ཡོད་པའི་ཁར་ ལྷག་པར་དུ་སྤྲོ་བ་འབྱུང་སྟེ་རང་གི་ཁ་ཐུག་ལས་ སློབ་ཕྲུག་ཚུ་དང་ག་དེ་མང་མང་འབྲེལ་མཐུད་འབད་དེ་ ལྷབ་སྦྱང་དང་འབྲེལ་ ལམ་སྟོན་པ་ཡང་འབད་དེ་ཡོད་རུང་ བདག་གཞན་གཉིས་ཀ་ལུ་ མཐུན་རྐྱེན་ཕུན་སུམ་ཚོགས་མ་ཚུགསཔ་ལས་ གདོང་ལེན་ཡང་མངམ་ར་འབྱུང་ཡོད་ཟེར་ཞུ་ནི་ཨིན། ད་ལས་ཕར་ལྷབ་སྦྱང་གི་དོན་ལས་ འཕྲུལ་རིག་ཚུ་ག་དེ་འབད་ར་ ལག་ལེན་འཐབ་ནི་སྨོ་ཟེར་བ་ཅིན་ • དབང་པོ་མ་ངལ་བར་ཧུ་རི་རི་འབད་ལྷབ་སྦྱང་འབད་ནི་གི་དོན་ལུ། • སྤྲོ་སྣང་ཅན་གྱི་སྦྱོང་ལཱ་གི་དོན་ལུ་ ཕན་ཚུན་འབྲེལ་བའི་སློབ་སྟོན་འཆར་གཞི་ཚུ་བཟོ་སྟེ་ གྲོས་བསྡུར་དང་རིག་རྩལ་ཡར་འཕར་གཏང་ནི་གི་དོན་ལུ། • ལྷབ་སྦྱང་ཡར་དྲག་གཏང་ནི་གི་དོན་ལུ། • མི་ཚེའི་རིག་རྩལ་འཐོབ་ཐབས་ལུ། • ལག་ལེན་དངོས་འཐབ་ཀྱི་དོན་ལུ། • དུས་མཐུན་འབད་དོན་ནི་གྱི་དོན་ལུ གློག་རིག་ བརྒྱུད་ཕྲིན་ ཐབས་འཕྲུལ་ ཐབས་ཤེས་ དེ་ལས་ དོན་ཚན་དང་འབྲེལ་བ་ཡོད་པའི་Apps་མ་འདྲཝ་ཚུ་ལག་ལེན་འཐབ་ནི་ཨིན།

Thursday, March 10, 2022

རྫོང་ཁའི་དཔེ་གཏམ།

ནང་གསལ་བ་སེམས།།  ལུས་གསལ་བ་གཙང་སྦྲ་།།  ཚིག་གསལ་བ་གོ་དོན།།  མི་གསལ་བ་རིག་པ།།  རིག་པ་མེདན་དོན་མེད།།

ཀུན་ལུ་དགོཔ་རྒྱུ་ནོར།། ཕམ་ལུ་དགོཔ་བུ་གཞི།། བུ་ལུ་དགོཔ་ཡོན་ཏན།། ཡོན་ཏན་མེདན་ཁུངས་མེད།།

 རྨགཔ་ལུ་དགོཔ་ཨམ་སྲུ།། ཨམ་སྲུ་ལུ་དགོཔ་བརྩེ་བ།། གཉིས་དགོཔ་དམ་ཚིག།། དམ་ཚིག་མེདན་ཁུངས་མེད།།

མི་ལུ་དགོཔ་ཆ་རོགས།། ཆ་རོགས་ལུ་དགོཔ་བསམ་པ།། བསམ་པ་ལུ་དགོཔ་སེམས་སྐྱེད།། 

འདི་ཚུ་ཚངན་རབས་ཨིན།།

སློབ་དཔོན་ལུ་དགོཔ་སློབ་ཕྲུག།། སླབ་ཕྲུག་ལས་དགོཔ་གུས་ཞབས།། གུས་ཞབས་ལས་བརྟེན་བསོད་ནམས།། བསོད་ནམས་ལས་བརྟེན་ཕུན་ཚོགས།།





Friday, July 31, 2020

་རྟགས་འཇུག


མཐའ་མའི་བསྐྱར་བཅོས། (༠༥༢༠༡༤༡༥༤༥)འབྲི་མཁན། ཐུབ་བསྟན་ཡར་འཕེལ་ལགས། ཤམ་བྷ་ལ་ཕོ་ཉའི་སློབ་སྟོན་པ།༠༥༢༠༠༩༢༢༥༤
༡༽ དྲི་བ། བོད་ཀྱི་སྒྲ་རིག་པའམ་བརྡ་སྤྲོད་པའི་བསྟན་བཅོས་གསུམ་གང་དག་ཡིན་དང༌། བརྡ་སྤྲོད་གཞུང་དེ་དག་སོ་སོའི་བརྗོད་བྱ་གང་ཡིན་ནམ།
ལན། སུམ་རྟགས་དག་གསུམ་མམ་མིང་གི་ཚོགས་དང༌། ཕྲད་དང་རྣམ་དབྱེའི་ཚོགས། བྱ་བའི་ཚིག་གི་ཚོགས་ཏེ་ཚོགས་གསུམ་མམ་མིང་དང་ཚིག་ལ་མི་རྨོངས་པར་བྱེད་པ་དག་ཡིག་གི་གཞུང་དང༌། ཕྲད་དང་རྣམ་དབྱེ་ལ་མི་རྨོངས་པར་བྱེད་པ་སུམ་ཅུ་པའི་གཞུང༌། ངག་གི་སྒྲ་གདངས་དང་བྱ་ཚིག་ལ་མི་རྨོངས་པར་བྱེད་པ་རྟགས་འཇུག་གི་གཞུང་གསུམ་ལ་བོད་ཀྱི་སྒྲ་རིག་པའམ་བརྡ་སྤྲོད་པའི་གཞུང་ཞེས་བྱའོ། ༢༽ དྲི་བ། རྟགས་འཇུག་ཅེས་པའི་གོ་དོན་ནམ་མཚན་ཉིད་གང་ཡིན་དང༌། རྟགས་དང༌། འཇུག་ཅེས་ཚིག་འབྲུ་སོ་སོས་དོན་གང་སྟོན་ནམ།
ལན། དབྱངས་གསལ་སྔོན་རྗེས་རྣམས་སྒྲའི་སྐྱེ་གནས་དང༌། བྱེད་རྩོལ་དྲག་ཞན་ལ་བརྟེན་ནས་ཕོ་མོ་མ་ནིང་སོགས་ཀྱི་རྟགས་སུ་དབྱེ་ནས་སྒྲ་དོན་གཉིས་ཀྱི་འཇུག་ཚུལ་སྟོན་པའི་གཞུང་ཡིན་པས་ན་རྟགས་འཇུག་ཅེས་དང༌། རྟགས་ཞེས་པའི་ཡིག་འབྲུས་ཡི་གེ་སོ་སོའི་བརྗོད་པའི་སྒྲ་གདངས་དྲག་ཞན་སོ་སོར་སྟོན་ཅིང༌། འཇུག་ཅེས་པའི་ཡིག་འབྲུས་དེ་དག་གི་སྒྲ་དང་དོན་གྱི་འཇུག་པ་བསྟན་པ་ཡིན་ནོ།།
༣༽ དྲི་བ། རྟགས་འཇུག་གི་དབུར་མཆོད་བརྗོད་ཡོད་མེད་ཀྱི་འདོད་ཚུལ་དང༌། མཆོད་བརྗོད་ཡོད་པའི་དབང་དུ་བཏང་ན་ཇི་ལྟར་ཡིན་ནམ།
ལན། རྟགས་འཇུག་གི་དབུར་མཆོད་བརྗོད་ཡོད་མེད་ཀྱི་འདོད་ཚུལ་གཉིས་ལས། པྲ་ཏིའི་ཀུན་བཟང་དགོངས་རྒྱན་གྱི་དབུར་མཆོད་བརྗོད་བཀོད་ཡོད། དེ་ཡང༌། སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །ཞེས་དང༌། སི་ཏུས་སུམ་ཅུ་པར་མཆོད་བརྗོད་དང་རྩོམ་པར་དམ་བཅའ་མཛད་ནས་དེ་རྟགས་འཇུག་སོགས་གཞུང་ལྷག་མ་བདུན་གྱི་ཐུན་མོང་བར་བཞེད་དོ།།
༤༽ དྲི་བ། རྟགས་འཇུག་སྐབས་མཚན་དོན་དང༌། འགྱུར་ཕྱག་སྨོས་དབང་དུ་བཏང་ན་མཚན་དོན་དང༌། འགྱུར་ཕྱག་གཉིས་ཇི་ལྟར་ཡིན་ནམ།
ལན། རྟགས་འཇུག་སྐབས་མཚན་དོན་དང་འགྱུར་ཕྱག་ཡོད་མེད་ཀྱི་འདོད་ཚུལ་གཉིས་ལས། མཚན་དོན་སྨོས་དབང་དུ་བཏང་ན། རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་ལིངྒཱ་ཨ་ཝ་ཏཱ་ར་ནཱ་མ། བོད་སྐད་དུ། ལུང་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ། ཞེས་དང༌། འགྱུར་ཕྱག་ནི་སི་ཏུས། བྱཱ་ཀ་ར་ཎའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཞེས་དང༌། པྲ་ཏིས། སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཞེས་སོ།།
༥༽ དྲི་བ། སུམ་རྟགས་གཉིས་རྩ་འགྲེལ་ཡིན་པ་དང༌། མིན་པའི་འདོད་ཚུལ་གཉིས་ལས། རྩ་འགྲེལ་ཡིན་མིན་གྱི་རྒྱུ་མཚན་གང་དག་ཡིན་ནམ།
ལན། སུམ་རྟགས་གཉིས་ལ་མཱུ་ལའམ་རྩ་བ་ཞེས་དང༌། བསྟན་བཅོས་ཀུན་གྱི་མ་ཕྱིར་གྱུར་པ་ཡོད་མེད་དང༌། རྟགས་འཇུག་ཏུ་ཆོས་དངོས་ལས་དང༌། ཞེས་རྣམ་དབྱེ་བརྒྱད་ཀྱི་མཚན་ཉིད་སྟོན་པས་རྩ་འགྲེལ་ཡིན་ཞེས་དང༌། སུམ་རྟགས་གཉིས་སྒྲ་དོན་གྱི་སྦྱོར་བ་དང༌། སྔོན་རྗེས་ཀྱི་འཇུག་པ༑ མཆོད་བརྗོད་དང་རྩོམ་པར་དམ་བཅའ་སོགས་ཡོད་མེད་ཀྱིས་རྩ་འགྲེལ་མ་ཡིན་པར་ཡང་འདོད་དོ།།
༦༽ དྲི་བ། སུམ་རྟགས་གཉིས་སྔོན་རྗེས་ཀྱི་འཇུག་པ་དང༌། སྒྲ་དོན་གྱི་སྦྱོར་བ། ཚོགས་གསུམ་ལས་གང་དང་གང་ཞིག་སྟོན་པའི་གཞུང་ཡིན་ནམ།
ལན། སྔོན་རྗེས་གཉིས་ཀྱི་དབང་དུ་བྱས་ན་སུམ་ཅུ་པ་རྗེས་འཇུག་གི་འཇུག་པ་དང༌། རྟགས་འཇུག་སྔོན་འཇུག་གི་འཇུག་པ་ཡིན་ལ། སྒྲ་དོན་གཉིས་ཀྱི་དབང་དུ་བྱས་ན་སུམ་ཅུ་པ་དོན་གྱི་སྦྱོར་བ་དང༌། རྟགས་འཇུག་སྒྲ་ཡི་སྦྱོར་བ་ཡིན་ཞིང༌། ཚོགས་གསུམ་གྱི་དབང་དུ་བྱས་ན་སུམ་ཅུ་པ་ཕྲད་རྣམ་དབྱེའི་ཚོགས་དང༌། རྟགས་འཇུག་བྱ་བའི་ཚིག་གི་ཚོགས་སྟོན་པའི་གཞུང་ལུགས་ཡིན་ནོ།།
༧༽ དྲི་བ། རྟགས་འཇུག་ལ་སྤྱིར་རྟགས་དང༌། བྱེ་བྲག་རྟགས་ཀྱི་དབྱེ་བ་སོགས་ཇི་ཡོད། དེ་དག་ལས་རྟགས་ཀྱི་འཇུག་པ་ཡོད་པ་གང་དག་ཡིན།
ལན། རྟགས་འཇུག་ལ་རྟགས་ཀྱི་དབྱེ་བ་བཞི་ཡོད། དེ་དག་ནི་སྤྱིར་རྟགས་ཀྱི་དབྱེ་བ་དང༌། མིང་གཞིའམ་བྱེ་བྲག་རྟགས་ཀྱི་དབྱེ་བ། སྔོན་འཇུག་རྟགས་ཀྱི་དབྱེ་བ། རྗེས་འཇུག་རྟགས་ཀྱི་དབྱེ་བ་དང་བཞིའོ། །སྔོན་རྗེས་གཉིས་ལ་རྟགས་ཀྱི་དབྱེ་བ་ཡོད་ཀྱང་སྔོན་རྗེས་རྟགས་ཀྱི་འཇུག་པ་གཙོ་ཆེ་བས་རྟགས་འཇུག་ལས་སྔོན་རྗེས་རྟགས་ཀྱི་འཇུག་པ་ལས་དབྱེ་བ་བཤད་པ་ཞེས་མ་གསུངས་སོ།།
༨༽ དྲི་བ། སྤྱིར་རྟགས་ཀྱི་དབྱེ་བ་ཇི་ལྟར་ཡིན་དང༌། སྤྱིར་རྟགས་ཀྱི་དབྱེ་བའི་དབྱེ་སྒོ་གང་ཡིན། དེ་ལྟར་དབྱེ་བའི་རྒྱུ་མཚན་གང་ཡིན་ནམ།
ལན། སྤྱིར་རྟགས་ཀྱི་དབྱེ་བ་ནི། རྩ་བ་ལས། ཕོ་ཡི་ཡི་གེ་འབའ་ཞིག་ལ། །ཞེས་དང༌། དཀའ་གསལ་ལས། སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ། །ཞེས་པ་ལྟར་དབྱངས་མོ་དང་གསལ་བྱེད་ཕོར་བཞག་ལ། སྤྱིར་རྟགས་ཀྱི་དབྱེ་སྒོ་ནི་ཕོ་མོ་གཉིས་དང༌། དེ་ལྟར་དབྱེ་བའི་རྒྱུ་མཚན་ནི་རང་བཞིན་དང་ངོ་བོ་གཉིས་ལ་བརྟེན་ནས་དབྱངས་བཞི་མོ་དང་གསལ་བྱེད་སུམ་ཅུ་རྣམས་ཕོར་དབྱེ་བའོ།།
༩༽ དྲི་བ། སྤྱིར་རྟགས་ཀྱི་དབྱེ་བའི་སྐབས་རྟགས་འཇུག་རྩ་བས་རྟགས་གང་ཞིག་དངོས་སུ་བསྟན་ནས་རྟགས་གང་ཞིག་ཤུགས་སུ་བསྟན་པ་ཡིན་ནམ།
ལན། རྩ་བ་ལས། ཕོ་ཡི་ཡི་གེ་འབའ་ཞིག་ལ། །ཞེས་པས་གསལ་བྱེད་སུམ་ཅུ་ཕོ་ཡིན་པ་དངོས་སུ་བསྟན་ནས་ཤུགས་ལ་དབྱངས་བཞི་མོར་གྲུབ་པའམ་མོར་བསྟན་པ་ཡིན། དཀའ་གསལ་ལས། སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ། །ཞེས་ཕོ་མོའི་རྟགས་གཉིས་ཀ་དངོས་སུ་བསྟན་པས་ན་དངོས་ཤུགས་བརྩི་གཞུང་ནི་སུམ་རྟགས་ཀྱི་རྩ་བར་འཇོག་པ་ལས་དཀའ་གསལ་མེ་ལོང་ལྟ་བུར་མི་བྱའོ།།
༡༠༽ དྲི་བ། སྤྱིར་རྟགས་ཀྱི་དབྱེ་བ་ནི་རང་བཞིན་དང༌། ངོ་བོ་ལ་བརྟེན་ནས་དབྱེ་ཞེས་པའི་རང་བཞིན་དང༌། ངོ་བོ་གང་འདྲ་ཞིག་ལ་ཟེར་རམ།
ལན། སྤྱིར་རྟགས་ཀྱི་དབྱེ་བ་ནི་རང་བཞིན་དང་ངོ་བོ་གཉིས་ལ་བརྟེན་ནས་དབྱེ་ཞེས་པའི་རང་བཞིན་དང་ངོ་བོ་ནི་འདི་ལྟ་སྟེ། གསལ་བྱེད་རྣམས་རང་རང་ངག་ནས་བརྗོད་ཀློག་བྱེད་པའི་ཚེ་རང་སྟོབས་ཀྱིས་སྒྲ་གདངས་གསལ་ཐུབ་པས་ཕོ་དང༌། དབྱངས་རྣམས་གསལ་བྱེད་གང་རུང་ཞིག་ལ་མ་སྦྱར་ན་རང་རང་ངག་ནས་བརྗོད་དུ་མེད་ཅིང་རང་སྟོབས་ཀྱིས་སྒྲ་གདངས་གསལ་མི་ཐུབ་པས་མོར་བཞག་པའོ།།
༡༡༽ དྲི་བ། དབྱངས་རྣམས་ཤེས་རབ་ཀྱི་རང་བཞིན་མོ་དང༌། གསལ་བྱེད་རྣམས་ཐབས་ཀྱི་རང་བཞིན་ཕོར་བཞག་པའི་དགོས་པ་རྒྱུ་མཚན་ཅི།
ལན། གཞི་བདེན་པ་གཉིས་དང༌། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་འབྱུང་བ་ལ་བརྟེན་ནས་ལམ་ཐབས་ཤེས་གཉིས་ཡ་བྲལ་ན་འབྲས་བུ་སྐུ་གཉིས་མི་ཐོབ་པ་ཇི་བཞིན་དབྱངས་གསལ་ཡ་བྲལ་ན་བརྗོད་དོན་ཡོངས་རྫོགས་སྟོན་མི་ནུས་པས་བརྗོད་དོན་ཆ་ཚང་སྟོན་པར་དབྱངས་གསལ་གཉིས་ཡ་མ་བྲལ་བར་དབྱངས་གསལ་གཉིས་ཚོགས་དགོས་པ་ཐབས་ཤེས་དཔེ་དོན་དུ་སྦྱར་ཏེ་བསྟན་པ་ཡིན་ནོ།།
༡༢༽ དྲི་བ། བྱེ་བྲག་རྟགས་ཀྱི་དབྱེ་བར་དབྱེ་སྒོ་ཇི་ཡོད་དང༌། རྒྱུ་མཚན་གང་གིས་སྒོ་ནས་ཕོ་མོ་མ་ནིང་སོགས་ཀྱི་རྟགས་སུ་དབྱེ་བ་ཡིན་ནམ།
ལན། བྱེ་བྲག་རྟགས་ལ་དབྱེ་བའི་དབྱེ་སྒོ་ལྔ་ཡོད་དེ། ཕོ་དང༌། མ་ནིང༌། མོ། ཤིན་ཏུ་མོ། མོ་གཤམ་དང་ལྔའོ། །དེ་ལྟར་དབྱེ་བའི་རྒྱུ་མཚན་ནི། ཀ་ནས་ཨ་བར་གསལ་བྱེད་རྣམས་རང་རང་ངག་ནས་བརྗོད་པའི་ཚེ་གཙོ་བོ་སྐྱེ་གནས་མགྲིན་རྐན་སོ་མཆུ་དང༌། བྱེད་རྩོལ་དམ་ལྷོད་ལ་བརྟེན་ནས་སྒྲ་གདངས་དྲག་ཞན་དུ་འགྱུར་བའི་ཆ་ནས་ཕོ་མོ་མ་ནིང་ཤིན་ཏུ་མོ་མོ་གཤམ་བཅས་ཀྱི་རྟགས་ལྔར་དབྱེ་བའོ།།
༡༣༽ དྲི་བ། རྟགས་འཇུག་ལས། སྡེ་ཚན་ལྔ་རུ་དྲིལ་བྱས་ནས། །
ཞེས་པ་ལྟར་གསལ་བྱེད་རྣམས་སྡེ་ཚན་ལྔ་རུ་དྲིལ་ཚུལ་ཇི་ལྟར་ཡིན་ནམ།
ལན། གསལ་བྱེད་སྡེ་པ་ཕྱེད་དང་བརྒྱད་གནས་པ་རྣམས་ནང་གསེས་སྡེ་ཚན་ལྔ་རུ་དྲིལ་ཚུལ་ནི། དཀའ་གསལ་ལས། ཀ་ཅ་ཏ་པ་ཙ་རྣམས་ཕོ༑ ༑ཁ་ཆ་ཐ་ཕ་ཚ་མ་ནིང༌། །ག་ཇ་ད་བ་ཛ་ཝ་ཞ། །ཟ་འ་ཡ་ཤ་ས་རྣམས་མོ༑ ༑ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་ཨ་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་པ་ལྟར་གསལ་བྱེད་རྣམས་ཕོ་མོ་མ་ནིང་ཤིན་ཏུ་མོ་མོ་གཤམ་བཅས་སྡེ་ཚན་ལྔར་དབྱེ་བ་ཡིན་ནོ།།
༡༤༽ དྲི་བ། སྡེ་པ་ཕྱེད་དང་བརྒྱད་དང༌། ཀ་ཁ་ག་ང་སོགས་སྡེ་པ་སོ་སོའི་ཡི་གེ་བཞི་པོ་སྔ་ཕྱི་གོ་རིམ་དེ་ལྟར་རྒྱུ་མཚན་གང་གི་སྒོ་ནས་བསྒྲིགས་སམ།
ལན། སྡེ་པ་ཕྱེད་དང་བརྒྱད་པོའི་གོ་རིམ་སྒྲིག་ཚུལ་ནི། སྡེ་པ་བཞི་པ་ཡན་ཆད་གཙོ་བོ་སྐྱེ་གནས་དང༌། སྡེ་པ་ལྔ་པ་མན་ཆད་བྱེད་རྩོལ་གཙོ་བོའི་ཆ་ནས་གོ་རིམ་སྒྲིག་པ་དང༌། སྡེ་པ་རེ་རེའི་ཡི་གེ་བཞི་པོ་རྣམས་བྱེད་རྩོལ་དམ་ལྷོད་དང༌། སྒྲ་གདངས་དྲག་ཞན་དང༌། ཕོ་མོ་མ་ནིང་ཤིན་ཏུ་མོའི་རྟགས་བཅས་རྒྱུ་མཚན་གསུམ་ལ་བརྟེན་ནས་ཀ་ཁ་ག་ང་སོགས་སྡེ་པ་སོ་སོའི་ཡི་གེ་བཞི་པོ་རྣམས་གོ་རིམ་དེ་ལྟར་བསྒྲིགས་པའོ།།
༡༥༽ དྲི་བ། ཐོན་མིས་གསར་དུ་བཟོས་པའི་བོད་ཡིག་དྲུག་པོ་སྟོད་ཀྱི་ཅ་ཆ་ཇ་གསུམ་མིན་པར་སྨད་ཀྱི་ཙ་ཚ་ཛ་གསུམ་ཡིན་པའི་རྒྱུ་མཚན་གང༌།
ལན། ཐོན་མིས་གསར་དུ་བཟོས་པའི་བོད་ཡིག་དྲུག་ནི་སྟོད་ཀྱི་ཅ་ཆ་ཇ་གསུམ་མིན་པར་སྨད་ཀྱི་ཙ་ཚ་ཛ་གསུམ་ཡིན་པ་ནི་ཡི་གེའི་གཟུགས་དང་གཅིག སྐད་ཡིག་གི་བེད་སྤྱོད་དང་གཉིས། ཡི་གེའི་གོ་རིམ་སྒྲིག་ཚུལ་དང་གསུམ། ཕོ་མོའི་རྟགས་སུ་དབྱེ་ཚུལ་དང་བཞི་ལ་བརྟེན་ནས་ཐོན་མིས་གསར་དུ་བཟོས་པའི་ཡི་གེ་དྲུག་ནི་སྟོད་ཀྱི་ཅ་ཆ་ཇ་གསུམ་མིན་པར་སྨད་ཀྱི་ཙ་ཚ་ཛ་གསུམ་ཡིན་པར་སེམས་སོ།།    ༡༦༽ དྲི་བ། བྱེ་བྲག་རྟགས་དབྱེའི་སྐབས་ཕོ་མོ་མ་ནིང་གི་ཡི་གེ་རྣམས་བྱེད་འབྲེལ་བྱེད་མེད་དང༌། སྐུལ་ཚིག་ལ་འཇུག་པ་གཙོ་ཆེ་ཆུང་ཇི་ལྟར་ཡིན།
ལན། ཕོ་ཡིག་ཀ་ཅ་ཏ་པ་ཙ་རྣམས་བྱེད་འབྲེལ་ལས་ཚིག་ལ་འཇུག་པ་གཙོ་ཆེ་སྟེ། དཔེར་ན། བཀོད་བཅད་བཏང་གསུམ་ལྟ་བུ་དང༌། མོ་ཡིག་ག་ང་ཇ་ཉ་ད་ན་བ་མ་ཛ་ཝ་ཞ་ཟ་འ་ཡ་ར་ལ་ཤ་ས་ཧ་ཨ་རྣམས་བྱེད་མེད་ལས་ཚིག་ལ་འཇུག་པ་གཙོ་ཆེ་སྟེ། དཔེར་ན། གྲུབ་དངངས་ཉམས་གསུམ་ལྟ་བུའོ། །མ་ནིང་གི་ཡི་གེ་ཁ་ཆ་ཐ་ཕ་ཚ་རྣམས་སྐུལ་ཚིག་ལ་འཇུག་པ་གཙོ་ཆེ་སྟེ། ཁོད་ཆད་ཐོངས་གསུམ་ལྟ་བུའོ།།   ༡༧༽ དྲི་བ། ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་པས་ཨ་ཡིག་ལ་རྟགས་ཡོད་མེད་དང༌། ཕོ་དང་མ་ནིང་མཚན་མེད་དུ་འདོད་ཚུལ་ཇི་ལྟར་ཡིན།
ལན། རྣམ་གླིང་པཎ་ཆེན་གྱིས། ཕོ་ཡི་ཡི་གེ་འབའ་ཞིག་ལ། །ཞེས་ཨ་ཡིག་ཕོ་རྟགས་སུ་འདོད་པ་དང༌། ས་པཎ་དང༌། ཞཱ་ལུ། པྲ་ཏི། ལོ་ཆེན་ནམ་བཟང་སོགས་ཀྱིས། ཨ་ཡིག་འདིར་ནི་རྟགས་མེད་ཡིན། །ཞེས་སོགས་ཨ་རྟགས་མེད་དུ་འདོད་ལ། སི་ཏུ་པཎ་ཆེན་དང༌། དངུལ་ཆུ་ཡབ་སྲས་གཉིས་ཀྱིས། ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་ཨ་ཡིག་མོ་གཤམ་གྱི་ཡི་གེ་ཡིན་པར་འདོད་དོ།།
༡༨༽ དྲི་བ། མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཞེས་དང༌། ཨ་ནི་མཚན་མེད་ཅེས་བྱ། །ཞེས་གཞུང་གང་དུ་མཁས་པ་སུ་དང་སུས་གསུངས་སམ།
ལན། པྲ་ཏི་རིན་ཆེན་དོན་གྲུབ་སོགས་སྔོན་བྱོན་མཁས་པ་དག་གི་གཞུང་དུ༑ མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཞེས་བཀོད་པ་སི་ཏུ་པཎ་ཆེན་གྱིས་ཨ་ནི་ཞེས་པའི་ཡིག་ཟུར་ཉམས་ཏེ་མ་ནི་ཞེས་གྲུབ་པ་འདིར་འབྲེལ་བ་མེད་པས་ཕྱིས་སུ་དེ་ལ་ང་མཐའ་སྦྱར་བས་མ་ནིང་ཞེས་གྲུབ་པས་འདི་ནི་གཞུང་གི་ཡི་གེ་ཉམས་པའོ་ཞེས། ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་རྩ་བར་དག་བཅོས་མཛད་པའོ།
༡༩༽ དྲི་བ། ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་པའི་ཀྱང་སྒྲའི་ནུས་པ་གང་ཐོན་མིན་དང༌། རང་ལུགས་ཨ་ཡིག་རྟགས་གང་དུ་འདོད་དམ།
ལན། ཀྱང་སྒྲའི་ནུས་པས་ཨ་ཡིག་མོ་གཤམ་གྱི་ཡི་གེ་ཡིན་པར་བསྟན་པ་དང༌། རང་ལུགས་ཨ་ནི་མཚན་མེད་ཅེས་དམན་པའི་ཆ་ལ་དགག་སྒྲ་སྦྱར་བ་ལས་མཚན་མེད་རྟགས་མེད་དུ་མི་འདོད་དེ། དེ་ལྟར་འདོད་ན། རྩ་བར། སྡེ་པ་ཕྱེད་དང་བརྒྱད་གནས་པའང༌། །སྡེ་ཚན་ལྔ་རུ་དྲིལ་བྱས་ནས། །ཞེས་པ་དང་ནང་འགལ་དུ་འགྱུར་བས་ཨ་ཡིག་མོ་གཤམ་ལས་ཕོ་རྟགས་དང་རྟགས་མེད་དུ་མི་འདོད་དོ།།
༢༠༽ དྲི་བ། མིང་གཞིའི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བའི་སྐབས་ཕོ་མོ་མ་ནིང་ཤིན་ཏུ་མོ་མོ་གཤམ་བཅས་ཀྱི་སྒྲ་དང་རྩོལ་བ་དྲག་ཞན་ཇི་ལྟར་བསྟན་ཏམ།
ལན། རྩ་བ་ལས། ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་སྒྲ་རྩོལ་དྲག་ཞན་གྱི་སྒོ་ནས་ཕོ་སྒྲ་རྩོལ་དྲག་པ་དང༌། མ་ནིང་སྒྲ་རྩོལ་རན་པ། མོ་སྒྲ་རྩོལ་ཅུང་ཟད་ཞན་པ། ཤིན་ཏུ་མོ་དེ་ལས་སྒྲ་རྩོལ་ཅུང་ཟད་ཞན་པ། མོ་གཤམ་སྒྲ་རྩོལ་ཤིན་ཏུ་ཞན་པ་བཅས་ལ་བརྟེན་ནས་གསལ་བྱེད་རྣམས་སྡེ་ཚན་ལྔ་རུ་དབྱེ་བ་ཡིན་ནོ།།
༢༡༽ དྲི་བ། གསལ་བྱེད་རྣམས་སྲོག་ཆེན་སྲོག་ཆུང་དང༌། སྒྲ་ལྡན་སྒྲ་མེད་སོ་སོར་ངོས་འཛིན་དང༌། དེ་ལྟར་བཞག་པའི་རྒྱུ་མཚན་གང་ཡིན་ནམ།
ལན། ཁ་ཆ་ཐ་ཕ་ཚ་ཞ་ཟ་ཤ་ས་ཧ་ཨ་ཨི་ཨུ་ཨེ་ཨོ་རྣམས་སྲོག་ཆེན་གྱི་ཡི་གེ་དང༌། གསལ་བྱེད་ལྷག་མ་སྲོག་ཆུང་དང༌། ག་ང་ཇ་ཉ་ད་ན་བ་མ་ཛ་ཝ་འ་ཡ་ར་ལ་ཧ་ཨ་ཨི་ཨུ་ཨེ་ཨོ་རྣམས་སྒྲ་ལྡན་དང༌། གསལ་བྱེད་ལྷག་མ་རྣམས་སྒྲ་མེད་ཡིན་ལ། ཕྱི་ནང་གི་རྩོལ་བའི་དབང་ལས་གསལ་བྱེད་དེ་དག་དབྱུང་ཚེ་དབུགས་ཐོན་ཆེ་ཆུང་གིས་སྲོག་ཆེན་སྲོག་ཆུང་དང༌། སྒྲ་ཐོན་ཆེ་ཆུང་གིས་སྒྲ་ལྡན་སྒྲ་མེད་དུ་དབྱེའོ།།
༢༢༽ དྲི་བ། ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་པའི་མཚན་མེད་ལ་རང་ལུགས་དང༌། གཞན་ལུགས་གཉིས་ཀྱི་འདོད་ཚུལ་ཇི་ལྟར་ཡིན་ནམ།
ལན། ཨ་ཀྱཱ་ཡོངས་འཛིན་གྱིས། ཨ་ཡིག་འདིར་ནི་རྟགས་མེད་ཡིན།།
ཞེས་དང༌། ཞཱ་ལུས། ཕྱོགས་སུ་ལྷུང་བ་ཉི་ཤུ་དགུ། །སུམ་ཅུ་པ་ལ་ཕྱོགས་ལྷུང་མེད། །ཅེས་ཨ་མཚན་མེད་རྟགས་མེད་དུ་འདོད། རང་ལུགས་སི་ཏུས། ཀྱང་ཞེས་པས་ཨ་ཡིག་མོ་གཤམ་ཡིན་པར་གྲུབ་ཅིང༌། ར་ལ་ཧ་གསུམ་ལས་རྩོལ་བ་ཞན་པས་མཚན་མེད་ཅེས་མིང་དུ་གདགས་པར་བྱའོ།།
ཞེས་ཨ་ཡིག་མོ་གཤམ་དུ་འདོད་དོ།།
༢༣༽ དྲི་བ། གསལ་བྱེད་རྣམས་སླར་ཡང་རྟགས་གསུམ་དུ་དྲིལ་ཚུལ་ཇི་ལྟར་ཡིན་དང༌། རྟགས་གསུམ་དུ་དྲིལ་བའི་དགོས་པ་གང་ཡོད་དམ།
ལན། མོ་ཡི་ཡི་གེའི་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ༑ ༑ཞེས་པ་ལྟར་མོ་ལ་མོ་ཙམ་དང་ཤིན་ཏུ་མོ་དང་མོ་གཤམ་གསུམ་དུ་གནས་པ་སོ་སོར་མ་ཕྱེ་བར་མོར་བཞག་སྟེ་ཕོ་མོ་མ་ནིང་གསུམ་དུ་དྲིལ་བ་དང༌། སླར་ཡང་རྟགས་གསུམ་དུ་དྲིལ་བ་ནི། མོ་ཡིག་ཉི་ཤུ་ལས་རྗེས་འཇུག་བཅུ་དབྱུང་བདེ་བ་དང༌། ང་རོའི་རྩ་བ་གསུམ་དང་མཐུན་པ། མིང་མཐའ་དང་ཕྲད་རྣམ་དབྱེ་འདྲེན་བདེ་བས་སླར་ཡང་རྟགས་གསུམ་དུ་དབྱེ་བ་ཡིན་ནོ།།
༢༤༽ དྲི་བ། མོ་ཡི་ཡི་གེའི་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །ཞེས་པའི་སྐབས་ཀྱི་མོ་ཡིག་དེ་གང་ལ་ངོས་འཛིན་དགོས་སམ།
ལན། མོའི་ཡི་གེ་ལ་མོ་ཙམ་དང༌། ཤིན་ཏུ་མོ། མོ་གཤམ་གསུམ་དུ་གནས་པ་སོ་སོར་མ་ཕྱེ་བར་གཅིག་ཏུ་བྱས་པའི་མོ་ཡིག་ཉི་ཤུ་ཐམ་པར་ངོས་འཛིན་དགོས་ཏེ། དེ་ལྟར་མིན་པར་སྡེ་ཚན་ལྔར་དབྱེ་བའི་མོ་ཡིག་བཅུ་གཉིས་ལ་བཞག་ན་དེ་ལས་རྗེས་འཇུག་ག་ད་བ་འ་ས་བཅས་ལྔ་ལས་མི་འབྱུང་བས་རྗེས་འཇུག་དབྱུང་བདེ་བའི་ཕྱིར་སླར་ཡང་རྟགས་གསུམ་དུ་དབྱེ་བའི་རྒྱུ་མཚན་ཡང་དེའི་གནད་ཀྱིས་སོ།།
༢༥༽ དྲི་བ། མོ་ཡིག་ལས་རྗེས་འཇུག་དབྱུང་དགོས་པའི་རྒྱུ་མཚན་དང་སུམ་རྟགས་གཉིས་ལས་སྔོན་རྗེས་དག་དབྱུང་ཚུལ་མཚུངས་སམ་མི་མཚུངས།
ལན། ཕོ་དང་མ་ནིང་གི་ཡི་གེ་ཡིན་ན་སྔོན་རྗེས་གང་དུའང་མི་འཇུག་པས་ཁྱབ་ལ། སྔོན་རྗེས་ཀྱི་ཡི་གེ་ཡིན་ན་ཕོ་མོ་མ་ནིང་གསུམ་དུ་ཕྱེ་བའི་མོ་ཡིག་ཡིན་པས་ཁྱབ་པས་ན་མོ་ཡིག་ལས་རྗེས་འཇུག་བཅུ་དབྱུང་བ་དང༌། སུམ་རྟགས་ཀྱི་གཞུང་དུ་དབྱུང་བྱ་སྔོན་རྗེས་ཀྱི་ཡི་གེ་ཡིན་པ་མཚུངས་ཀྱང་སུམ་རྟགས་ཀྱི་གཞུང་ལས་སྔོན་རྗེས་གཉིས་དབྱུང་ཚུལ་མི་འདྲ་ཞིང༌། འདྲ་ན་དེ་གཉིས་ཟློས་སྐྱོན་དུ་འགྱུར་རོ།།
༢༦༽ དྲི་བ། སུམ་རྟགས་རྩ་བས་དབྱུང་བྱ་སྔོན་རྗེས་ཀྱི་ཡི་གེ་ཡིན་པ་མཚུངས་ཀྱང་དབྱུང་ཚུལ་མི་འདྲ་ཞེས་པའི་མི་འདྲ་ཚུལ་ཇི་ལྟར་ཡིན་ནམ།
ལན། སུམ་ཅུ་པ་ལས། དང་པོ་གསུམ་པ་བཞི་པ་ཡི། །ཞེས་སོགས་སྔོན་རྗེས་ཀྱི་ཡི་གེ་རྣམས་ངོས་འཛིན་ཚུལ་དང་ཕྲད་གྲུབ་ཚུལ་བཤད་ཅིང༌། རྟགས་འཇུག་ཏུ་མོ་ཡི་གེའི་ནང་ནས་ནི། །ཞེས་སོགས་སྔོན་རྗེས་ཀྱི་ཡི་གེ་རྣམས་ཕོ་མོ་སོགས་རྟགས་གང་ཡིན་དང་སྒྲ་གདངས་དྲག་ཞན་བསྟན་པས་ན་སུམ་རྟགས་གཉིས་སུ་སྔོན་རྗེས་གཉིས་ཀྱི་དགོས་པ་དང་རྒྱུ་མཚན་མི་འདྲ་བས་ཟློས་སྐྱོན་དུ་མི་འགྱུར་རོ།།
༢༧༽ དྲི་བ། སྔོན་འཇུག་ལྔ་པོ་རྟགས་ཀྱི་དབྱེ་བའི་དབྱེ་སྒོ་གང་ཡིན་དང༌། སྔོན་འཇུག་ལྔ་པོ་རྒྱུ་མཚན་གང་གི་སྒོ་ནས་རྟགས་དེ་ལྟར་དབྱེ་བ་ཡིན་ནམ།
ལན། སྔོན་འཇུག་རྟགས་ཀྱི་དབྱེ་བའི་དབྱེ་སྒོ་ནི། རྩ་བ་ལས། སྔོན་འཇུག་ཡི་གེ་ལྔ་པོ་ལ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་རུ་དབྱེ། །ཞེས་པ་ལྟར་དང༌། དེ་ལྟར་དབྱེ་བའི་རྒྱུ་མཚན་ནི་སྔོན་འཇུག་གི་ཡི་གེ་ལྔ་པོ་རང་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་དྲག་ཞན་དང༌། བྱེད་རྩོལ་ཤུགས་ཆེ་ཆུང་དུ་གྱུར་པའི་ཆ་ནས་དེ་ལྟར་དབྱེ་བའོ།།
༢༨༽ དྲི་བ། རྟགས་འཇུག་ཏུ་བྱེད་པ་བཞི་ཡིས་སྒོ་ནས་འཇུག་ཚུལ་བཤད་པ་ཇི་ཡོད་དང༌། སྤྱི་བྱེའི་རྟགས་གཉིས་ལ་དེ་ལྟར་མ་བཤད་པའི་རྒྱུ་མཚན་ཅི།
ལན། རྟགས་འཇུག་ཏུ་སྔོན་འཇུག་ལྔ་པོ་བྱེད་པ་བཞི་ཡི་སྒོ་ནས་འཇུག་ཚུལ་བཤད་པ་དང༌། རྗེས་འཇུག་བཅུ་པོ་བྱེད་པ་བཞི་ཡི་སྒོ་ནས་འཇུག་ཚུལ་བཤད་པ་དང་གཉིས་སོ། །སྤྱིར་རྟགས་ཀྱི་དབྱེ་བ་དང༌། བྱེ་བྲག་རྟགས་ཀྱི་དབྱེ་བ་གཉིས་ལ་རྟགས་ཀྱི་དབྱེ་བ་ལས་རྟགས་ཀྱི་འཇུག་པ་མེད་པའི་རྒྱུ་མཚན་གྱིས་སྤྱི་དང་བྱེ་བྲག་གི་རྟགས་གཉིས་པོར་བྱེད་པ་བཞི་ཡི་སྒོ་ནས་འཇུག་ཚུལ་མ་བཤད་པ་ཡིན་ནོ།།
༢༩༽ དྲི་བ། གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །ཅེས་པའི་སྐབས་སྒྲ་དོན་གྱི་འཇུག་ཚུལ་ཇི་ལྟར་བསྟན་ཏམ།
ལན། བྱེད་པ་དང་པོ་གསུམ་གྱིས་མིང་ཚིག་དང་ལས་ཚིག་གཉིས་ཀ་བསྟན་པ་དང༌། བྱེད་པ་བཞི་པས་བྱ་ཚིག་རྐྱང་པ་བསྟན་པ་དང༌། དེ་ཡང་དངོས་བསྟན་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་ཤུགས་སུ་བསྟན་ཅེས་དང༌། འོན་ཀྱང་ཅི་ཕྱིར་འཇུག་པར་དགོས་པ་སྤྱི་དང་བྱེ་བྲག་གཉིས་སུ་དབྱེ་བ་ལྟར་ན། དགོས་པ་སྤྱིས་མིང་རྐྱང་དང༌། དགོས་པ་བྱེ་བྲག་གིས་བྱ་ཚིག་བསྟན་པར་འདོད་དོ།།
༣༠༽ དྲི་བ། གང་ལ་འཇུག་བྱེད་གང་གིས་བྱེད། །ཅེས་སོགས་སྐབས་སྔོན་འཇུག་གི་བྱེད་པ་བཞི་པོ་ཁྱབ་ཆེ་ཆུང་ཇི་ལྟར་བསྟན་པ་ཡིན་ནམ།
ལན། བྱེད་པ་དང་པོས་མིང་གཞིའི་ཡི་གེ་གང་ལ་འཇུག་པར་བྱེད་པ་དང༌། བྱེད་པ་གཉིས་པས་སྔོན་འཇུག་གང་གིས་འཇུག་པར་བྱེད་པ། བྱེད་པ་གསུམ་པས་སྒྲ་གདངས་དྲག་ཞན་ཚུལ་ཇི་ལྟ་བུས་འཇུག་པར་བྱེད་པ། བྱེད་པ་བཞི་པས་དགོས་པ་རྒྱུ་མཚན་ཅི་ཕྱིར་འཇུག་པ་བསྟན་པས་བྱེད་པ་ཁྱབ་ཆེ་ཆུང་གི་གོ་རིམ་ནི་བྱེད་པ་གསུམ་པ་དང༌། དེ་ནས་བྱེད་པ་བཞི་པ། བྱེད་པ་དང་པོ། བྱེད་པ་གཉིས་པ་བཅས་ཡིན་ནོ།།
༣༡༽ དྲི་བ། སི་དངུལ་གཉིས་ཀྱིས་བྱེད་པ་བཞི་པོ་གྲངས་ཇི་ཙམ་གྱི་སྒོ་ནས་བཤད་པ་དང༌། དེ་ལྟར་བཤད་པའི་དགོས་པ་རྒྱུ་མཚན་གང༌།
ལན། དེ་ཡང༌། གང་ལ་འཇུག་པར་བྱེད་པ་དང༌། གང་གིས་འཇུག་པར་བྱེད་པ་ཐུན་མོང་དུ་བཤད་པ་དང༌། ཇི་ལྟར་འཇུག་པར་བཤད་པ། ཅི་ཕྱིར་འཇུག་པ་བཤད་པ་སྟེ་གསུམ་མོ། །ཞེས་བྱེད་པ་བཞི་པོ་ས་བཅད་གསུམ་གྱིས་སྒོ་ནས་བཤད་ཅིང༌། བྱེད་པ་དང་པོ་གཉིས་ཐུན་མོང་དུ་བཤད་དེ་ས་བཅད་ཟུར་པ་དགོས་སོ་སྙམ་ནའང་སྐྱོན་དུ་འགྱུར་རོ། །ཞེས་གསུངས་ཏེ་བྱེད་པ་བཞི་པོ་ས་བཅད་གསུམ་གྱི་སྒོ་ནས་བཤད་པའོ།།
༣༢༽ དྲི་བ། ཕོ་ནི་ཕོ་དང་མོ་ལ་འཇུག །ནས། མོ་དང་ཤིན་ཏུ་མོ་ཉིད་ལའོ། །ཞེས་པར་ཁྱབ་པ་ཡོད་མེད་དང༌། དེ་ལྟར་གསུངས་པའི་རྒྱུ་མཚན་ཅི།
ལན། ཕོ་ནི་ཕོ་དང་མོ་ལ་འཇུག །མོ་ནི་མོ་དང་མ་ནིང་ལ། །མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང༌། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །ཞེས་གསུངས་པ་ནི་སྔོན་འཇུག་ལྔ་པོ་རྣམས་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་དེ་དང་དེར་འཇུག་པ་མང་བའི་རྒྱུ་མཚན་གྱིས་གཙོ་ཆེ་བའི་དབང་དུ་བྱས་ནས་དེ་དང་དེ་ལ་འཇུག་ཅེས་གསུངས་པ་ལས་དེ་དག་ལ་ཁྱབ་པ་བསྟན་པ་མིན་ནོ།།    ༣༣༽ དྲི་བ། སྔོན་འཇུག་ལྔ་པོ་རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་གང་དང་གང་ལ་སྒྲ་རྩོལ་དྲག་ཞན་ཚུལ་ཇི་ལྟར་འཇུག་པ་ཡིན་ནམ།
ལན། དཀའ་གསལ་ལས། ཕོ་ཡིག་བ་ནི་ཀ་ཅ་ཏ། །ཙ་ག་ང་ཇ་ཉ་ད་ན༑ ༑ཛ་ཞ་ཟ་ར་ཤ་སར་འཇུག །མ་ནིང་ག་ནི་ཅ་ཏ་ཙ། །ཉ་ད་ན་ཞ་ཟ་ཡ་ཤ །སར་འཇུག་མ་ནིང་ད་ཡིག་ནི། །ཀ་པ་ག་བ་ང་མར་འཇུག །མོ་ཡིག་འ་ནི་ག་ཇ་ད། །བ་ཛ་ཁ་ཆ་ཐ་ཕ་ཚར། །ཤིན་ཏུ་མོ་ཡི་མ་ཡིག་ནི།།
ཁ་ཆ་ཐ་ཚ་ག་ཇ་ད། །ཛ་ང་ཉ་ན་རྣམས་ལ་འཇུག །ཅེས་དང༌། ཕོ་སྒྲ་རྩོལ་དྲག་པ་དང༌། མ་ནིང་རན་པ། མོ་ཞན་པ། ཤིན་ཏུ་མོ་མཉམ་པས་འཇུག་གོ།
༣༤༽ དྲི་བ། སྔོན་རྗེས་འཇུག་ཡུལ་གྱི་མིང་གཞི་ལ་གཙོ་ཕལ་གྱི་དབྱེ་བ་ཇི་ལྟར་ཕྱེ་མིན་དང༌། དབྱེ་བ་མ་ཕྱེ་ན་སྐྱོན་གང་དག་ཡོད་དམ།
ལན། སྔོན་རྗེས་དང་མགོ་འདོགས་འཇུག་ཡུལ་ལ་མིང་གཞི་གཙོ་བོ་དང༌། མགོ་འདོགས་གཉིས་མིང་གཞི་ཕལ་པར་འཇོག་པ་ཡིན་ལ།  གང་ལ་འཇུག་བྱེད་སྐབས་དེ་ལྟའི་འཇུག་ཡུལ་གཙོ་བོ་ལ་བྱེད་དགོས་ཏེ་དེ་ལྟར་མ་ཡིན་ན་འགྱེད་ཅེས་པ་ལྟ་བུའི་ཚེ་འ་ཡིག་རང་སྡེའི་ཡ་ཡིག་ལ་འཇུག་པར་ཁས་ལེན་དགོས་པས་དེས་ན། རང་གི་སྡེ་དང་འཕྲད་པ་ན། །ཞེས་སོགས་དང་འགལ་བའི་སྐྱོན་ཡོད་དོ།།
༣༥༽ དྲི་བ། རྐྱང་བརྩེགས་འདོགས་གསུམ་གྱི་གོ་དོན་དང༌། རྐྱང་འདོགས་གཉིས་གཅིག་ཏུ་བགྲང་ན་ཆོག་པའི་རྒྱུ་མཚན་གང་ཡིན་ནམ།
ལན། སི་ཏུས། སྔོན་འཇུག་གི་འཇུག་ཡུལ་དུ་རྗེས་འཇུག་མི་བརྩི་བའི་མིང་གཞི་ཡི་གེ་རེ་རེ་ཡིན་ན་རྐྱང་པ་དང༌། གཉིས་གསུམ་འབྲེལ་བ་ཡིན་ན་བརྩེགས་མའི་ཐ་སྙད་འཇུག་ཅིང༌། འདོགས་ཅན་ཞེས་ཐ་སྙད་ཟུར་དུ་བྱེད་པའང་བརྩེགས་མའི་བྱེ་བྲག་ཉིད་ཡིན་པའི་ཕྱིར་རོ། །ཞེས་དང༌། སྤྱིར་མགོ་འདོགས་གཉིས་མེད་པར་རྐྱང་པ་དང༌། དག་ཡིག་ངག་སྒྲོན་དུ། སྔོན་འཇུག་མེད་པར་རྐྱང་པར་འདོད་དོ།།
༣༦༽ དྲི་བ། རྟགས་འཇུག་སྐབས་འཕུལ་ཡིག་རྣམས་རང་གི་འཇུག་ཡུལ་མིང་གཞིར་རྐྱང་འདོགས་བརྩེགས་གསུམ་གྱིས་འཇུག་ཚུལ་ཇི་ལྟར་ཡིན།
ལན། སྔོན་འཇུག་བ་ཕོ་ཡིག་ནི་རང་གི་འཇུག་ཡུལ་གྱི་མིང་གཞི་བཅུ་དྲུག་ལ་རྐྱང་བརྩེགས་འདོགས་གསུམ་ཅི་རིགས་དང༌། མོ་འ་ཡིག་ནི་མིང་གཞི་བཅུ་ལ་རྐྱང་འདོགས་གཉིས་དང༌། མ་ནིང་ག་ཡིག་ནི་མིང་གཞི་བཅུ་གཅིག་ལ་རྐྱང་པ་ཁོ་ནས་འཇུག མ་ནིང་ད་ཡིག་ནི་མིང་གཞི་དྲུག་ལ་རྐྱང་འདོགས་གཉིས་དང༌། ཤིན་ཏུ་མོ་མ་ཡིག་ནི་མིང་གཞི་བཅུ་གཅིག་ལ་རྐྱང་འདོགས་གཉིས་ཀྱི་སྒོ་ནས་འཇུག་གོ།
༣༧༽ དྲི་བ། རྩ་བ་ལས། མི་འཇུག་པ་ནི་འདི་ལྟ་སྟེ། །ཞེས་པ་ལྟར་སྔོན་འཇུག་ལྔ་པོ་མིང་གཞི་གང་ལ་མི་འཇུག་པའི་ཚུལ་ཇི་ལྟར་ཡིན་ནམ།
ལན། རྩ་བ་ལས། མི་འཇུག་པ་ནི་འདི་ལྟ་སྟེ། །ཕོ་ནི་མ་ནིང་ལ་མི་འཇུག །མོ་ནི་ཕོ་ལ་འཇུག་པ་མིན། །མ་ནིང་རང་ལ་རང་མི་འཇུག །ཅེས་སྔོན་འཇུག་དེ་དང་དེས་མིང་གཞི་དེ་དང་དེར་མི་འཇུག་པར་བསྟན་ཅིང༌། རང་གི་སྡེ་དང་འཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །ཞེས་སྤུན་ཉེ་ཕན་ཚུན་གཉེན་སྒྲིག་མི་བྱེད་པ་ལྟར་སྔོན་འཇུག་ལྔ་པོ་རང་གི་སྡེ་པ་གཅིག་པའི་ཡི་གེ་དག་ལ་མི་འཇུག་པར་བསྟན་ཏོ།།
༣༨༽ དྲི་བ། རྐྱང་འཕུལ་མི་ཐོབ་པའི་ཡི་གེ་དྲུག་གང་ཡིན་དང༌། དེ་དག་ལས་མགོ་འདོགས་དབང་གིས་ཕྱེད་འཕུལ་ཐོབ་ཚུལ་ཇི་ལྟར་ཡིན་ནམ།
ལན། སྔོན་འཇུག་ཐོབ་པར་མི་སྲིད་པ། །ཝ་འ་ར་ལ་ཧ་ཨ་དྲུག །ར་ལ་གཉིས་ཀྱང་རྐྱང་པའི་དབང༌། །ཞེས་པ་ལྟར། ཝ་འ་ར་ལ་ཧ་ཨ་བཅས་མིང་གཞིའི་ཡི་གེ་དྲུག་པོར་རྐྱང་པའི་དབང་དུ་འཕུལ་ཡིག་གཏན་ནས་མི་ཐོབ་པས་འཕུལ་ཡིག་མི་ཐོབ་པའི་ཡི་གེ་དྲུག་ཅེས་བརྗོད་ཅིང༌། འོན་ཀྱང་དེ་དག་ལས་ར་ལ་གཉིས་ལ་བརླ་བརྙན་ལྟ་བུ་མགོ་འདོགས་གི་དབང་དུ་འཕུལ་ཡིག་ཐོབ་པས་ཕྱེད་འཕུལ་ཐོབ་ཅེས་སོ།།
༣༩༽ དྲི་བ། རྩ་བ་ལས། ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །ཞེས་པའི་ཡང་སྒྲ་སྔ་ཕྱི་གཉིས་ཀྱིས་དོན་གང་བསྡུས་སམ།
ལན། རང་གི་སྡེ་དང་འཕྲད་པའི་ཚེ་སྔོན་འཇུག་ཕོ་བ་ཡིག་རང་སྡེའི་བ་དང་མ་ལ་མི་འཇུག་ཅིང༌། ཡང་སྒྲས་ཕོ་པ་ལའང་མི་འཇུག་པ་བསྟན་ལ༑ དེ་བཞིན་སྔོན་འཇུག་ག་ཡིག་རང་སྡེའི་ཀ་ག་ང་གསུམ་ལ་མི་འཇུག་པ་དང༌། ད་ཡིག་རང་སྡེའི་ཏ་ད་ན་གསུམ་ལ་མི་འཇུག་ཅིང༌། འ་ཡིག་ཞ་ཟ་འ་ཡ་བཞི་ལ་མི་འཇུག་པ་དང༌། མ་ཡིག་རང་སྡེའི་ཕ་བ་མ་གསུམ་ལ་མི་འཇུག་པ་བསྡུས་ནས་བསྟན་པའོ།།
༤༠༽ དྲི་བ། སྔོན་འཇུག་ལྔ་པོ་རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་རྣམས་ལ་སྒྲ་གདངས་དང་བྱེད་རྩོལ་དྲག་ཞན་ཚུལ་ཇི་ལྟ་བུས་འཇུག་གམ།
ལན། རྩ་བར། ཇི་ལྟར་འཇུག་པ་བྱེད་ཅེ་ན། །ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ༑ ༑ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པ་ལྟར། ཕོ་བ་ཡིག་ནི་རང་གི་འཇུག་ཡུལ་གྱི་མིང་གཞི་དག་ལ་སྒྲ་རྩོལ་དྲག་པས་འཇུག་ཅིང༌། མ་ནིང་ག་ད་གཉིས་སྒྲ་རྩོལ་རན་པས་འཇུག་པ་དང༌། མོ་འ་ཡིག་སྒྲ་རྩོལ་ཞན་པས་དང༌། ཤིན་ཏུ་མོ་མ་ཡིག་ནི་སྒྲ་རྩོལ་མཉམ་པས་འཇུག་གོ།
༤༡༽ དྲི་བ། ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་བསྟན་པའི་མཉམ་པའི་དོན་ལ་བཤད་ཚུལ་མང་ཡང་དོན་གྱི་འབབ་ས་གཅིག་ཡིན་ཟེར་དོན་གང༌།
ལན། མཉམ་པའི་སྒྲར་འདོད་ཚུལ་མང་ཡང་མཐར་གཏུགས་ན། སྒྲ་རྩོལ་ཤིན་ཏུ་ལྷོད་པའི་ཚུལ་གྱིས་འཇུག་པའི་སྟེང་དུ་བབ་ཡོད་པས། མིང་གཞིའི་རྟགས་ཀྱི་ཤིན་ཏུ་མོའི་འཇོག་བྱེད་དེ་རང་ལ་དགོངས་པ་ཡིན་པར་གྲུབ། དེས་ན་མཉམ་ཞེས་མིང་གཞིའི་སྐབས་ཀྱི་ཤིན་ཏུ་མོའི་འཇོག་བྱེད་དང་མཉམ་པའི་དོན་དང༌། ཡང་ན་མཉམ་ཞེས་པ་ཉམ་ཆུང་བ་སྟེ་སྒྲ་དང་བྱེད་རྩོལ་ཞན་པའི་སྒོ་ནས་འཇུག་པའི་དོན་ནོ།།
༤༢༽ དྲི་བ། རྩ་བ་ལས། ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་དང༌། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པའི་མཉམ་སྒྲ་སོ་སོས་དོན་གང་སྟོན་ནམ།
ལན། ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པ་ནི་ཇི་ལྟར་འཇུག་པ་སྟེ་སྔོན་འཇུག་ཤིན་ཏུ་མོ་མ་ཡིག་ནི་རང་གི་འཇུག་ཡུལ་མིང་གཞི་ལ་འཇུག་སྐབས་སྒྲ་རྩོལ་མཉམ་པ་སྟེ་ཤིན་ཏུ་ཞན་པས་འཇུག་པར་བསྟན་པ་དང༌། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པས་ཅི་ཕྱིར་འཇུག་པ་སྟེ་སྔོན་འཇུག་ཤིན་ཏུ་མོ་མ་ཡིག་ནི་བདག་གཞན་དུས་གསུམ་དང་བཅས་པ་ཚང་མར་མཉམ་པ་སྟེ་མཚུངས་པར་འཇུག་པ་བསྟན་ཏོ།།
༤༣༽ དྲི་བ། རྐྱང་འཕུལ་ཁོ་ནར་ངེས་པའི་སྔོན་འཇུག་དང༌། བརྩེགས་འཕུལ་ཡིན་ན་དེ་ཡིན་པས་ཁྱབ་པའི་སྔོན་འཇུག་དེ་གང་དག་ཡིན་ནམ།
ལན། རྐྱང་འཕུལ་ཁོ་ནར་ངེས་པའི་སྔོན་འཇུག་དེ་ག་འཕུལ་ཡིན་ཏེ། སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ལས། སྤྱིར་ནི་ཡི་གེ་སུམ་ཅུ་ལ། །སྔོན་འཇུག་ལྔ་དང་མཐའ་རྟེན་བརྒྱད། །ཡི་གེ་ཕྱེད་དང་བཅུ་གསུམ་ཡིན། །ཞེས་ག་ཡིག་རྐྱང་འཕུལ་ཁོ་ནར་འཇུག་པས་ཡི་གེ་ཕྱེད་དུ་བཞག་ཅིང༌། བརྩེགས་འཕུལ་ཡིན་ན་ཕོ་བ་ཡིག་ཡིན་པས་ཁྱབ་སྟེ། བརྩེགས་འཕུལ་བ་ཡིག་ཁོ་ནར་ངེས། །ཞེས་སོ།།
༤༤༽ དྲི་བ། སྔོན་འཇུག་ལྔ་ལས་རྐྱང་འཕུལ་དང༌། རྐྱང་འདོགས། རྐྱང་བརྩེགས་འདོགས་གསུམ་ལ་འཇུག་པའི་སྔོན་འཇུག་དེ་གང་དག་ཡིན་ནམ།
ལན། འཕུལ་ཡིག་ལྔ་ལས་མ་ནིང་ག་ཡིག་ནི་རང་གི་འཇུག་ཡུལ་གྱི་མིང་གཞི་རྣམས་ལ་རྐྱང་པ་ཁོ་ནས་འཇུག་ཅིང༌། མ་ནིང་ད་ཡིག་དང༌། མོ་འ་ཡིག ཤིན་ཏུ་མོ་མ་ཡིག་གསུམ་ནི་རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་རྣམས་ལ་རྐྱང་འདོགས་གཉིས་ཀར་འཇུག་པ་དང༌། ཕོ་བ་ཡིག་ནི་རང་གི་འཇུག་ཡུལ་གྱི་མིང་གཞི་རྣམས་ལ་རྐྱང་བརྩེགས་འདོགས་གསུམ་ཅི་རིགས་ཀྱི་སྒོ་ནས་འཇུག་གོ།
༤༥༽ དྲི་བ། བྱེད་འབྲེལ་དང་བྱེད་མེད་གཉིས་ཀྱི་གོ་དོན་གང་ཡིན། དེ་གཉིས་ལ་བདག་གཞན་གྱི་རྣམ་གཞག་ཕྱེ་རྒྱུ་ཡོད་མེད་ཇི་ལྟར་ཡིན་ནམ།
ལན། དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་གྱིས་དངོས་སུ་སྒྲུབ་པར་བྱེད་པ་དེ་ནི་བྱེད་འབྲེལ་ལས་ཚིག་དང༌། དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་དངོས་སུ་མེད་པར་རང་གི་ངང་གིས་འགྲུབ་པར་སྣང་བ་དེ་ནི་བྱེད་མེད་ལས་ཚིག་གི་དོན་ནོ། །བྱེད་འབྲེལ་ལས་ཚིག་ལ་བདག་གཞན་གྱི་རྣམ་གཞག་ཕྱེ་བ་ལས། བྱེད་མེད་ལས་ཚིག་ལ་བདག་གཞན་གྱི་དབྱེ་བ་ཕྱེ་རྒྱུ་མེད་དོ།།
༤༦༽ དྲི་བ། བྱེད་པ་པོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །
ཞེས་པའི་ཁྱད་ཆོས་གསུམ་པོ་གང་དག་ཡིན། གང་ལས་གཞན་པ་ཡིན་ནམ།
ལན། དཀའ་གསལ་ལས། ལས་གང་ཞིག་ལ་བྱེད་པ་པོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །ཞེས་པ་ལྟར། ལས་གང་ཞིག་བྱེད་ཀྱང་དེར་བྱེད་པ་པོ་ཡོད་པ་དང་གཅིག དེ་ཡང་ལས་ལས་གཞན་པའི་བྱེད་པ་པོ་ཡིན་པ་དང་གཉིས། དེ་ཡང་ལས་དང་དངོས་སུ་འབྲེལ་བ་དང་གསུམ་མོ༑ ༑གཞན་ཞེས་པ་ནི་ལས་ལས་གཞན་པའི་བྱེད་པ་པོ་ཡོད་པ་ཞིག་དགོས་པས་ན་གཞན་ཞེས་པ་ལས་ལས་གཞན་པ་ཡིན་ནོ།།
༤༧༽ དྲི་བ། རྩ་བ་ལས། ཕོ་ནི་འདས་དང་ཞེས་སོགས་ཀྱིས་དངོས་ཤུགས་དང༌། སྔ་ཕྱི། བྱེད་འབྲེལ་བྱེད་མེད་རྣམས་གཙོ་ཆེ་ཆུང་ཇི་ལྟར་བསྟན་ཏམ།
ལན། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་ད་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ༑ ༑ཞེས་པའི་སྐབས་གང་མང་བ་དངོས་སུ་བསྟན་ནས་གང་ཉུང་བ་ཤུགས་ལ་བསྟན། གང་མང་བ་སྔོན་དང༌། གང་ཉུང་བ་རྗེས་ལ་བསྟན། བྱེད་འབྲེལ་ལས་ཚིག་དངོས་བསྟན་དང༌། བྱེད་མེད་ལས་ཚིག་ཤུགས་སུ་བསྟན་པ་རྣམས་གཙོ་ཆེ་བའི་དབང་དུ་བྱས་ཀྱི་ཁྱབ་པ་ནི་མིན་ནོ།།
༤༨༽ དྲི་བ། རྩ་བ་ལས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པའི་སྐབས་རྟགས་འཇུག་གི་དཀའ་གནད་ཡིན་པའི་རྒྱུ་མཚན་གང་ཡིན་ནམ།
ལན། རྟགས་འཇུག་ནི་སྔོན་འཇུག་གི་སྦྱོར་བ་སྟོན་པའི་གཞུང་ཡིན་ལ༑ སྔོན་འཇུག་གི་སྦྱོར་བ་ནི་ཕོ་ནི་འདས་དང་ཞེས་སོགས་ཀྱིས་བསྟན་པ་དང༌། ངག་གི་སྒྲ་གདངས་དང༌། བྱ་བྱེད་ལས་གསུམ། བདག་གཞན་དུས་གསུམ་དང་བཅས་པ་སྔོན་འཇུག་གི་ཅི་ཕྱིར་འཇུག་པའི་སྐབས་འདིར་མདོར་བསྟན་དང༌། རྒྱས་བཤད། དྲིས་ལན་གྱི་ལམ་ནས་བསྟན་པ་སོགས་ལས་དཀའ་གནད་དུ་བཞེད་དོ།།
༤༩༽ དྲི་བ། རྩ་བ་ལས། ཕོ་ནི་འདས་དང་ཞེས་པའི་ཚིག་རྐང་འདིས་དུས་གསུམ་གསུམ་དངོས་ཤུགས་སུ་བསྟན་ཚུལ་ཇི་ལྟར་ཡིན་ནམ།
ལན། ཕོ་ནི་འདས་དང་ཞེས་པའི་ཚིགས་རྐང་དང་པོས་དུས་གསུམ་བྱེ་བྲག་བསྟན་པ་དང༌། ཚིག་རྐང་དང་པོ་གསུམ་གྱིས་དུས་གསུམ་སྤྱི་བསྟན་པ་དང༌། ཚིག་རྐང་མཐའ་མས་དུས་གསུམ་ཐོར་བུ་བསྟན་ཅིང༌། དེ་ཡང་དུས་གསུམ་སྤྱི་དང་བྱེ་བྲག་གཉིས་པོ་དངོས་བསྟན་དང༌། ཤུགས་ལ་ཐོར་བུའི་སྡེ་ཚན་བསྟན་པར་གྲག་ཅེས་ཚེ་ཏན་ཞབས་དྲུང་གིས་ཐོན་མིའི་ཞལ་ལུང་དུ་གསལ་བར་གསུངས་སོ།།
༥༠༽ དྲི་བ། དུས་གསུམ་སྤྱི་ཡི་གོ་དོན་དང༌། དུས་གསུམ་སྤྱི་ལ་ཁྱད་ཆོས་ཇི་ཡོད་དང༌། ཅིའི་ཕྱིར་དུས་གསུམ་སྤྱི་ཞེས་བརྗོད་པ་ཡིན་ནམ།
ལན། ཐོན་མིའི་ཞལ་ལུང་ལས། དང་པོ་སྤྱི་ནི་བྱ་ཚིག་མ་ནིང་དང༌།།
བྱེད་པར་མོས་འཕུལ་བརྗོད་བདེར་མ་ནིང་སྲིད། །པ་སྡེ་ལས་གཞན་འདས་པར་ཕོས་འཕུལ་ཅིང༌། །མགོ་ཅན་མེད་ངེས་སྒྲ་གདངས་འགྱུར་བའོ། །ཞེས་དུས་གསུམ་སྤྱི་ཡི་མཚན་ཉིད་དང་འདིའི་ནང་སྤྱི་ཡི་ཁྱད་ཆོས་དྲུག་བསྟན་ལ༑ སྔོན་འཇུག་སྤྱིས་དུས་གསུམ་གྱི་རྣམ་གཞག་བསྟན་པས་ན་དུས་གསུམ་སྤྱིའམ་སྤྱིར་བཏང་ཞེས་བརྗོད་དོ།།
༥༡༽ དྲི་བ། དུས་གསུམ་བྱེ་བྲག་གི་དོན་དང༌། དུས་གསུམ་བྱེ་བྲག་ལ་ཁྱད་ཆོས་ཇི་ཡོད། ཅིའི་ཕྱིར་དུས་གསུམ་བྱེ་བྲག་ཅེས་བརྗོད་དམ།
ལན། མཚན་ཉིད་ནི། གཉིས་པ་བྱེ་བྲག་བྱ་འདས་ཕོས་འཕུལ་བ། །
བྱེད་པར་མ་ནིང་མོས་འཕུལ་འཕུལ་མེད་བཞི། །འཕུལ་ཅན་ལ་བལྟོས་མགོ་ཅན་མང་བའི་སྡེ། །འདས་སྐུལ་གཉིས་ལ་ཡང་འཇུག་ཐོབ་ངེས་པའོ།།
ཞེས་གོ་དོན་དང་དེའི་ཞར་ལ་བྱེ་བྲག་གི་ཁྱད་ཆོས་བཞི་བསྟན་ཅིང༌། སྔོན་འཇུག་ལྔ་ལས་བྱེ་བྲག་བ་ཕོ་ཡིག་གིས་དུས་གསུམ་གྱི་རྣམ་གཞག་བསྟན་པས་ན་དུས་གསུམ་བྱེ་བྲག་ཅེས་བརྗོད་དོ།།
༥༢༽ དྲི་བ། དུས་གསུམ་ཐོར་བུའི་གོ་དོན་དང༌། དུས་གསུམ་ཐོར་བུར་ཁྱད་ཆོས་ཇི་ཡོད། ཅིའི་ཕྱིར་དུས་གསུམ་ཐོར་བུ་ཞེས་བརྗོད་དམ།
ལན། མཚན་ཉིད་ནི། ཐོར་བུའི་རིགས་ནི་ངེས་མེད་སྣ་ཚོགས་ཅན།།
དབྱེ་བ་བཞི་སྟེ་བྱེ་བྲག་ཕྱོགས་མཐུན་དང༌། །ད་མཐའ་ཅན་དང་འ་ས་གཉིས་སྲེས་སྡེ། །བྱ་བྱེད་འདས་སྐུལ་ཕལ་ཆེར་སྒྲ་མཐུན་པའོ། །ཞེས་མཚན་ཉིད་དང་འདིའི་ནང་ཐོར་བུའི་ཁྱད་ཆོས་གསུམ་བསྟན་ཅིང༌། དུས་གསུམ་སྤྱི་བྱེ་གཉིས་སུ་མ་གཏོགས་པའི་དུས་གསུམ་ཆ་སྙོམས་དང་སྔོན་འཇུག་མེད་པའི་དུས་གསུམ་སོགས་ལ་དུས་གསུམ་ཐོར་བུ་ཞེས་བྱའོ།།
༥༣༽ དྲི་བ། དུས་གསུམ་གསུམ་པོ་ཐོག་མར་སྲོལ་གཏོད་པ་པོ་མཁས་དབང་སུ་ཡིན་དང༌། དུས་གསུམ་ཡིན་ན་དེ་གསུམ་ཡིན་པས་ཁྱབ་བམ།
ལན། དུས་གསུམ་གསུམ་པོ་ཐོག་མར་ཁམས་ཀྱི་མཁས་པ་བླ་མ་ནོར་བུ་བསྟན་འཛིན་ནམ་ད་དྲག་བསྡུས་པའི་འགྲོས་ལྟར་ས་ཡང་འཇུག་བསྡུས་པས་ས་ཕུད་བླ་མའམ་ས་ཟད་བླ་མ་ཞུ་བ་གང་དེས་སྲོལ་གཏོད་ཅིང༌། དུས་གསུམ་ཡིན་ན་དུས་གསུུམ་སྤྱི་དང་བྱེ་བྲག་ཐོར་བུ་གང་རུང་ཡིན་པས་ཁྱབ་ཀྱང་དུས་གསུམ་གྱི་མཚན་ཉིད་དང་དབྱེ་བ་སོགས་ལ་མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་དོ།།
༥༤༽ དྲི་བ། རྟགས་འཇུག་སྐབས་ཀྱི་བདག་གཞན་གཉིས་དེ་གང་ལ་ངོས་འཛིན་དགོས་པ་དང༌། བདག་གཞན་གཉིས་ཀྱི་དོན་ཇི་ལྟར་ཡིན་ནམ།
ལན། རྟགས་འཇུག་སྐབས་ཀྱི་བདག་གཞན་དེ་རང་ལ་བདག་དང་ཕ་རོལ་པོ་ལ་གཞན་ཟེར་བ་སོགས་ཀྱི་བདག་གཞན་དེ་ཉིད་མིན་པར་དཀའ་གསལ་ལས། ལས་གང་ཞིག་ལ་བྱེད་པ་པོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །དབང་དུ་བྱས་ནས་བྱེད་པོ་དང༌། །དེ་ཡི་བྱེད་པ་གཉིས་པོ་ནི། །
དངོས་པོ་བདག་ཡིན་བྱ་ཡུལ་དང༌། །བྱ་བ་གཉིས་པོ་དངོས་པོ་གཞན། །ཞེས་པའི་སྐབས་ཀྱི་བདག་གཞན་ལ་གོ་དགོས་སོ།།
༥༥༽ དྲི་བ། བདག་དང་གཞན་གཉིས་ཀྱི་དབྱེ་བའི་ཁྱབ་ཁོངས་དང༌། བདག་གཞན་དང༌། དུས་གསུམ་གཉིས་ཁྱབ་ཆེ་ཆུང་ཇི་ལྟར་ཡིན་ནམ།
ལན། ལས་གང་ཞིག་གི་བྱེད་པ་པོ་དང༌། དེ་ཡི་བྱེད་པ། བྱེད་ལས་དང་བཅས་པ་དངོས་པོ་བདག་གི་ཁྱབ་ཁོངས་དང༌། བྱ་ཡུལ་དང༌། བྱ་བ༑ བྱ་ལས་གསུམ་པོ་དངོས་པོ་གཞན་གྱི་ཁྱབ་ཁོངས་ཡིན་ལ། བདག་གཞན་གྱིས་ངག་གི་སྦྱོར་བ་ཀུན་ལ་མ་ཁྱབ་ཀྱང་དུས་གསུམ་གྱིས་བྱ་བྱེད་དང་འབྲེལ་བའི་ངག་གི་སྦྱོར་བ་ཀུན་ལ་ཁྱབ་པས། དུས་གསུམ་ཁྱབ་ཆེ་བས་བདག་གཞན་ལས་ལོགས་སུ་དུས་གསུམ་གཞག་པའོ།།
༥༦༽ དྲི་བ། སྤྱིར་ལས་ལ་དབྱེ་ན་ཇི་ཡོད། དེ་དག་གང་ཡིན། གང་འདྲ་ཞིག་ལ་ལས་ཀྱི་དངོས་པོ་དང༌། བྱ་བྱེད་ཀྱི་ལས་ཟེར་བ་ཡིན་ནམ།
ལན། པྲ་ཏིས། བྱ་བ་སྒྲུབ་པའི་ཡུལ་ལ་ནི། །ལས་ཀྱི་དངོས་པོ་ཞེས་པར་བརྗོད། །བྱེད་པ་པོ་དང་འབྲེལ་བའི་ལས། །བྱེད་པའི་ལས་ཞེས་བྱ་བ་སྟེ། །བྱ་བའི་ཡུལ་དང་འབྲེལ་བའི་ལས། །བྱ་བའི་ལས་ཞེས་འདོགས་པ་ཡིན། །ཞེས་པ་ལྟར་སྤྱིར་ལས་ལ་གསུམ་དང༌། བྱ་ཡུལ་ལ་ལས་ཀྱི་དངོས་པོ་ཟེར་ཞིང༌། བྱ་བའི་ཡུལ་ལ་ཡོད་པའི་བྱ་བ་དང༌། བྱེད་པ་པོ་ལ་ཡོད་པའི་བྱ་བ་གཉིས་ལ་བྱ་བྱེད་ཀྱི་ལས་ཞེས་ཟེར་རོ།།
༥༧༽ དྲི་བ། ལས་དང་བྱ་ཡུལ་དོན་གཅིག་སྟེ། །ཞེས་ལས་དང་བྱ་ཡུལ་གཉིས་དོན་གཅིག་པ་དང༌། དོན་མི་གཅིག་པའི་ཚུལ་ཇི་ལྟར་ཡིན་ནམ།
ལན། རྣམ་དབྱེ་གཉིས་པའི་སྐབས་ཀྱི་བྱ་ཡུལ་ནི་ལ་དོན་གྱི་ཕྲད་འཇུག་ས་སྟེ་ནགས་སུ་ཤིང་བཅད་ལྟ་བུའི་ནགས་ནི་བྱ་ཡུལ་དང༌། ཤིང་ནི་ལས་ཡིན་པས་ལས་དང་བྱ་ཡུལ་ཐ་དད་ཡིན་ཞིང༌། ཤིང་མཁན་གྱི་སྟ་རེས་ཤིང་བཅད་ཅེས་པའི་ཤིང་ནི་ལས་དང་བྱ་ཡུལ་གཉིས་ཀ་ཡིན་པས་ལས་དང་བྱ་ཡུལ་དོན་གཅིག་དང༌། ལས་དང་བྱ་ཡུལ་དོན་གཅིག་སྟེ། །ཞེས་པ་བྱ་བྱེད་ལས་གསུམ་གྱི་ལས་ལ་གོ་དགོས་སོ།།
༥༨༽ དྲི་བ། བྱ་བྱེད་ལས་གསུམ་ལ་ནང་གསེས་དབྱེ་བ་ཇི་ཡོད་དང༌། སྟ་རེ་བྱེད་པ་པོ་ཡིན་མིན་གྱི་རྒྱུ་མཚན་གང་དང་གང་ཞིག་ཡིན་ནམ།
ལན། བྱ་བྱེད་ལས་གསུམ་གྱི་བྱ་བར་དབྱེ་ན་བྱ་བའི་ཡུལ་ལ་ཡོད་པའི་བྱ་བ་དང༌། བྱེད་པ་པོ་ལ་ཡོད་པའི་བྱ་བ་གཉིས་དང༌། བྱ་བྱེད་ལས་གསུམ་གྱི་བྱེད་ལ་བྱེད་པ་པོ་གཙོ་ཕལ་གཉིས་སམ་བྱེད་པོ་དང་བྱེད་པ་གཉིས། ལས་ལ་དབྱེ་བ་མེད་ཅིང༌། སྟ་རེ་སེམས་མེད་བེམ་པོ་ལ་སོང་བྱེད་པ་པོ་ཞེས་བདག་སྒྲ་མི་འཇུག་པས་སྟ་རེ་ལ་བྱེད་པ་ཞེས་བརྗོད་པ་ལས་བྱེད་པ་པོ་ཕལ་པ་ཞེས་བརྗོད་མི་རིགས་སོ།།
༥༩༽ དྲི་བ། སུམ་རྟགས་གཉིས་དང༌། ཚད་མའི་གཞུང༌། སྤྱིར་བཏང༌། བྱ་བྱེ་དང་འབྲེལ་བའི་དུས་གསུམ་བཅས་འཇོག་ཚུལ་ཇི་ལྟར་ཡིན་ནམ།
ལན། སུམ་ཅུ་པའི་སྐབས་ཀྱི་དུས་གསུམ་ནི་དུས་ཁོ་ནའི་ཆ་ནས་བཞག་པ་དང༌། རྟགས་འཇུག་སྐབས་ཀྱི་དུས་གསུམ་ནི་བྱ་ཚིག་གི་ཆ་ནས་བཞག་ཅིང༌། ཚད་མའི་སྐབས་ཀྱི་དུས་གསུམ་ནི་གཞི་གྲུབ་པའི་ཆ་ནས་བཞག དེ་མིན་བྱ་བྱེད་དང་འབྲེལ་བའི་དུས་གསུམ་ནི་བདག་གཞན་ཁོ་ནའི་ཆ་ནས་བཞག སྤྱིར་བཏང་གི་དུས་གསུམ་ནི་བདག་གཞན་གྱི་དབྱེ་བ་ཡོད་མེད་གཉིས་ཀའི་ཆ་ནས་བཞག་པ་ཡིན་ནོ།།
༦༠༽ དྲི་བ། ཐུན་མོང་དང་ཐུན་མིན་གྱི་སྟོབས་མཚུངས་སམ་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཤེད་མཚུངས་གཏོང་ཚུལ་ཇི་ལྟར་ཡིན་ནམ།
ལན། ཤེད་མཚུངས་ལ་ཐུན་མོང་དང་ཐུན་མིན་གྱི་ཤེད་མཚུངས་གཉིས་ལས་ཐུན་མོང་གི་ཤེད་མཚུངས་ནི་དཔེར་ན་གཅོད་པ་པོ་དང་གཅོད་པར་བྱེད་གཉིས་བདག་ནང་ཕན་ཚུན་ཤེད་མཚུངས། གཅད་བྱའི་ཤིང་དང་གཅད་པར་བྱ་གཉིས་གཞན་ནང་ཕན་ཚུན་ཤེད་མཚུངས། ཐུན་མིན་གྱི་ཤེད་མཚུངས་ནི་གཅོད་པ་པོ་དང་གཅད་བྱའི་ཤིང་དང༌། གཅོད་པར་བྱེད་དང་གཅད་པར་བྱ་གཉིས་ཤེད་མཚུངས་སོ།།
༦༡༽ དྲི་བ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེད་མཚུངས་སམ་སྟོབས་མཚུངས་གཏོང་བའི་དགོས་པ་དང་རྒྱུ་མཚན་གང་ཞིག་ཡིན་ནམ།
ལན། ཐུན་མོང་གི་ཤེད་མཚུངས་ནི་ཚིག་གི་ཆ་ནས་ཡི་གེའི་དག་སྡེབ་མཚུངས་མིན་དང༌། ཐུན་མིན་གྱི་ཤེད་མཚུངས་ནི་དོན་གྱི་ཆ་ནས་ཁ་གཏད་ཡོད་མེད་ལ་བཞག་པ་དང༌། ཡང་ན། ཐུན་མོང་དུ་ནང་ཕན་ཚུན་ཤེད་མཚུངས་དང༌། ཐུན་མིན་གྱི་དབང་དུ་སྟོབས་མཉམ་པ་ལ་བྱ་བ་སི་ཏུའི་བཞེད་པ་དང༌། དགོས་པ་ནི་ཡི་གེའི་དག་སྡེབ་དང་བྱེད་འབྲེལ་བྱེད་མེད་ཤེས་ཕྱིར་ཤེད་མཚུངས་ཀྱི་རྣམ་གཞག་བཞག་པ་ཡིན་ནོ།།
༦༢༽ དྲི་བ། བྱ་བྱེད་ཕན་ཚུན་ཤེད་མཚུངས་ཇི་ལྟར་ཡིན། ཤེད་མཚུངས་དང༌། སྟོབས་མཚུངས། དོ་མཉམ་རྣམས་དོན་གཅིག་མིན་ཇི་ལྟར་ཡིན་ནམ།
ལན། བྱ་བྱེད་ཤེད་མཚུངས་ནི་བདག་གཞན་ཤེད་མཚུངས་དང༌། སྤྱིར་ཤེད་མཚུངས་ནི་སྟོབས་མཚུངས་ཡིན་པས་བདག་གི་ཁོངས་ནང་ཕན་ཚུན་ཤེད་མཚུངས་དང༌། གཞན་གྱི་ཁོངས་ནང་ཕན་ཚུན་ཤེད་མཚུངས་པ་དཔེར་ན༑ གཅོད་པ་པོ་དང་གཅོད་བྱེད་ཕན་ཚུན་ཤེད་མཚུངས་ནི་བདག་གི་ཁོངས་ཤེད་མཚུངས་དང༌། ཤེད་མཚུངས་དང་སྟོབས་མཚུངས་དོ་མཉམ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ།།
༦༣༽ དྲི་བ། བྱ་བྱེད་ཐ་དད་པའི་བྱ་ཚིག་ལ་ནང་གསེས་ཀྱི་དབྱེ་བ་ཇི་ཡོད་དང༌། དེ་དག་ལ་སེམས་ལྡན་དང༌། སེམས་མེད་ཀྱི་ཁྱད་པར་གང༌།
ལན། བཀྲ་ཤིས་ཀྱིས་རི་མོ་བྲིས་ལྟ་བུ་སྨྲ་ཤེས་དོན་གོ་བའི་བྱེད་པོ་སེམས་ལྡན་གྱིས་བྱ་བ་བྱས་པའི་ལས་ཚིག་དབྱེ་བ་དགུ་ལྡན་དང་གཅིག ལུག་གིས་རྩྭ་བཟས་ལྟ་བུ་སེམས་ལྡན་ཡིན་ཡང་སྨྲ་ཤེས་དོན་གོ་བའི་བྱེད་པོ་མིན་པའི་ལས་ཚིག་དབྱེ་བ་བདུན་ལྡན་དང་གཉིས། སེར་བས་ལོ་ཏོག་བཅོམ་ལྟ་བུ་བྱེད་པོ་སེམས་མེད་བེམ་པོའི་རང་བཞིན་གྱི་བྱེད་པས་བྱ་བ་བྱས་པའི་ལས་ཚིག་དབྱེ་བ་བདུན་ལྡན་དང་གསུམ་མོ།།
༦༤༽ དྲི་བ། བྱ་བྱེད་ལས་གསུམ་དུ་དབྱེ་བའི་བྱེད་པ་དང་བྱེད་པ་པོ་གཉིས་དངོས་ཤུགས་སུ་བསྟན་ཚུལ་གྱི་དཔེར་བརྗོད་ཇི་ལྟར་ཡིན་ནམ།
ལན། སྨྱུ་གུས་རི་མོ་འབྲི་ལྟ་བུ་བྱེད་པ་དངོས་བསྟན་དང་བྱེད་པོ་ཤུགས་བསྟན་ཡིན་ལ། བཀྲ་ཤིས་ཀྱིས་རི་མོ་བྲིས་ལྟ་བུ་བྱེད་པོ་དངོས་བསྟན་དང་བྱེད་པ་ཤུགས་སུ་བསྟན་ཅིང༌། བཀྲ་ཤིས་ཀྱིས་སྨྱུ་གུས་རི་མོ་བྲིས་ལྟ་བུ་བྱེད་པ་དང༌། བྱེད་པ་པོ་གཉིས་ཀ་དངོས་སུ་བསྟན་པ་ཡིན། གཞན་དུ་ན་བྱེད་པ་ཡོད་ན་བྱེད་པ་པོ་ཡོད་པས་མ་ཁྱབ་ཀྱང་བྱེད་པ་པོ་ཡོད་ན་བྱེད་པ་དངོས་ཤུགས་གང་རུང་དུ་ཡོད་དགོས་སོ།།
༦༥༽ དྲི་བ། བྱ་བྱེད་ཐ་མི་དད་པའི་ལས་ཚིག་ལ་ནང་གསེས་དབྱེ་བ་ཇི་ཡོད་དེ་ལ་ལས་ཚིག་དབྱེ་བ་ལྔ་གསུམ་གྱི་དཔེར་བརྗོད་ཇི་ལྟར་ཡིན་ནམ།
ལན། བཀྲ་ཤིས་གདན་ལ་བཞུགས་ལྟ་བུ་སྨྲ་ཤེས་དོན་གོ་བའི་བྱེད་པོ་སེམས་ལྡན་ཡིན་པའི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་དབྱེ་བ་དགུ་ལྡན་དང་གཅིག འཕྱི་བ་ཁུང་དུ་འཛུལ་ལྟ་བུ་སྨྲ་ཤེས་དོན་གོ་བ་མིན་ལ་སེམས་ལྡན་ཡིན་པའི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་དབྱེ་བ་གསུམ་ལྡན་དང་གཉིས། འཁོར་ལོ་འཁོར་ལྟ་བུ་བྱེད་པ་དང་ལས་གཉིས་ངོ་བོ་གཅིག་པའི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་དབྱེ་བ་ལྔ་ལྡན་དང་གསུམ་མོ།།
༦༦༽ དྲི་བ། གཞི་གཅིག་གི་སྟེང་ནས་བྱ་བྱེད་ལས་གསུམ་དང༌། བདག་གཞན་དང༌། དུས་གསུམ་བཅས་ངོས་འཛིན་ཚུལ་ཇི་ལྟར་ཡིན་ནམ།
ལན། བཀྲ་ཤིས་ཀྱིས་སྨྱུ་གུས་ཡི་གེ་བྲིས་ལྟ་བུར་མཚོན་ན་བཀྲ་ཤིས་ནི་བྱ་བྱེད་ལས་གསུམ་ལས་བྱེད་དང༌། བདག་གཞན་གཉིས་ལས་བདག་དང༌། ཡི་གེ་ནི་བྱ་བྱེད་ལས་གསུམ་ལས་ལས་དང༌། བདག་གཞན་གཉིས་ལས་གཞན། བྲིས་ནི་བྱ་བྱེད་ལས་གསུམ་ལས་བྱ་བ་དང༌། བདག་གཞན་གཉིས་ཀའི་ཆ་ཡོད། དུས་གསུམ་ལས་བྲི་ནི་དུས་མ་འོངས་པ་དང༌། འབྲི་ནི་དུས་ད་ལྟ་བ། བྲིས་ནི་དུས་འདས་པའོ།།༦༧༽ དྲི་བ། རྩ་བ་ལས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།།
ཞེས་པའི་རྐང་པས་བསྟན་བྱ་དངོས་ཤུགས་སུ་བསྟན་ཚུལ་ཇི་ལྟར་ཡིན་ནམ།
ལན། སྔོན་འཇུག་གི་ཕོ་ཡིག་བ་ནི་དགོས་པ་དུས་གསུམ་ལས་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱས་ཟིན་འདས་པ་བསྒྲུབ་པའི་ཕྱིར་འཇུག་པ་དངོས་བསྟན་དང༌། བྱེད་མེད་ལས་ཚིག་གི་དུས་འདས་པར་འཇུག་པ་ཤུགས་སུ་བསྟན་ཅིང༌། དངོས་པོ་བདག་གཞན་གཉིས་ལས་གཞན་ཏེ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བའི་ཡུལ་དང་བྱ་བ་བསྒྲུབ་པའི་ཕྱིར་འཇུག་པ་དངོས་སུ་བསྟན་ཏོ།།
༦༨༽ དྲི་བ། རྩ་བ་ལས། མ་ནིང་གཉིས་ཀ་ད་ལྟར་ཆེད། །ཅེས་པའི་རྐང་གཉིས་པས་བསྟན་བྱ་དངོས་དང་ཤུགས་སུ་བསྟན་ཚུལ་ཇི་ལྟར་ཡིན་ནམ།
ལན། གཉིས་ཀ་ཞེས་པས་གཞན་དང་བདག་ལ་འཇུག་པ་དངོས་སུ་བསྟན་ནས་ཤུགས་ལ་ཚིག་གྲོགས་ཀྱིས་བསྒྱུར་བའི་དུས་མ་འོངས་པར་འཇུག་པ་བསྟན་པ་དང༌། ད་ལྟར་ཆེད། ཅེས་པས་བདག་གཞན་གཉིས་སུ་མ་གཏོགས་པའི་ཚིག་གྲོགས་ཀྱིས་བསྒྱུར་བའི་བྱེད་འབྲེལ་ལས་ཚིག་གི་དུས་ད་ལྟ་བར་འཇུག་པ་དངོས་བསྟན་དང༌། བྱེད་མེད་ལས་ཚིག་གི་དུས་ད་ལྟ་བར་འཇུག་པ་ཤུགས་ལ་བསྟན་པའོ།།
༦༩༽ དྲི་བ། རྩ་བ་ལས། མོ་ནི་བདག་ད་མ་འོངས་ཕྱིར། །ཞེས་པའི་ཚིག་རྐང་གསུམ་པས་བསྟན་བྱ་དངོས་ཤུགས་སུ་བསྟན་ཚུལ་ཇི་ལྟར་ཡིན་ནམ།
ལན། བདག་ཅེས་པས་བདག་ལ་འཇུག་པ་མང་བས་དངོས་བསྟན་དང་བདག་གི་ཤུགས་ལ་ད་ལྟ་བར་འཇུག་པ་བསྟན་པ་དང༌། ད་ཞེས་པས་བྱེད་འབྲེལ་ལས་ཚིག་གི་ད་ལྟ་བར་འཇུག་པ་དངོས་བསྟན་དང་ཤུགས་ལ་བྱེད་མེད་ལས་ཚིག་གི་དུས་ད་ལྟ་བར་འཇུག་པ་བསྟན། མ་འོངས་ཕྱིར་ཞེས་པས་དུས་མ་འོངས་པར་འཇུག་པ་མང་བས་དངོས་བསྟན་དང་གཞན་ལ་འཇུག་པ་ཉུང་བས་ཤུགས་ལ་བསྟན་ཏོ།།
༧༠༽ དྲི་བ། རྩ་བ་ལས། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པའི་ཚིག་རྐང་གིས་བསྟན་བྱ་དངོས་དང་ཤུགས་སུ་བསྟན་ཚུལ་ཇི་ལྟར་ཡིན་ནམ།
ལན། དངོས་བསྟན་བྱེད་འབྲེལ་ལས་ཚིག་གི་བདག་གཞན་དུས་གསུམ་ཆ་མཉམ་ལ་འཇུག་པ་བསྟན་ཅིང༌། དེའི་ནང་ནས་སྔོན་འཇུག་གི་ཤིན་ཏུ་མོས་དུས་གསུམ་ཆ་མཉམ་ལ་འཇུག་ཚུལ་གཙོ་བོར་སྟོན་ཅིང༌། སྔོན་འཇུག་གཞན་བཞི་ལའང་དེ་ལྟའི་འཇུག་པ་ཡོད་པ་ཤུགས་ལ་བསྟན་པ་དང༌། བྱེད་འབྲེལ་གྱི་བདག་གཞན་དང་འདས་པ། བྱེད་མེད་ཀྱི་དུས་གསུམ་བཅས་ལ་འཇུག་པ་དངོས་སུ་བསྟན་ཏོ།།
༧༡༽ དྲི་བ། རྗེས་འཇུག་རྟགས་ལ་སྤྱིར་རྟགས་གསུམ་དང༌། ནང་གསེས་རྟགས་བརྒྱད་དུ་དབྱེ་ཚུལ་ཇི་ལྟར་ཡིན་དེ་ལྟར་དབྱེ་བའི་རྒྱུ་མཚན་གང༌།
ལན། རྗེས་འཇུག་བཅུ་པོ་སྤྱིར་ཕོ་མོ་མ་ནིང་གི་རྟགས་གསུམ་དུ་དབྱེ་བ་དང༌། ནང་གསེས་ཕོ་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་དང༌། མོ་ལ་མོ་དང་ཤིན་ཏུ་མོ་གཉིས། མ་ནིང་ལ་འགྱུར་བ་མ་ནིང་དང༌། མཚན་གཉིས་མ་ནིང་དང༌། མཚན་མེད་མ་ནིང་བཅས་རྗེས་འཇུག་རྣམས་མིང་གཞིར་སྦྱར་ནས་ཀློག་པའི་ཚེ་སྒྲ་རྩོལ་དང་གཙོ་བོ་རྗེས་འཇུག་ནང་ཕྲད་ཡོད་མེད་ཀྱིས་ནང་གསེས་རྟགས་བརྒྱད་དུ་དབྱེ་བའོ།།
༧༢༽ དྲི་བ། རྩ་བ་ལས། ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། །ཞེས་པའི་རྣམ་པ་གཉིས་དེ་གང་ཡིན་དང༌། རྣམ་པ་གཉིས་ཀྱི་དོན་གང་ཡིན་ནམ།
ལན། རྩ་བ་ལས། ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། །སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། །ཞེས་པ་ལྟར་རྣམ་པ་གཉིས་ནི་སྒྲ་ཡི་འཇུག་ཚུལ་དང་དོན་གྱི་འཇུག་ཚུལ་གཉིས་སོ། །དེ་ཡང་རྗེས་འཇུག་ཞུགས་ཚུལ་གྱིས་སྒྲ་གདངས་དྲག་ཞན་དུ་གྱུར་པ་ནི་སྒྲ་ཡི་འཇུག་ཚུལ་དང༌། དེ་ལྟར་ཞུགས་པས་བདག་གཞན་དུས་གསུམ་སོགས་དོན་ཅི་ཞིག་སྟོན་པ་ནི་དོན་གྱི་འཇུག་ཚུལ་ཏེ་སྒྲ་དང་དོན་གཉིས་ཀྱི་འཇུག་ཚུལ་ལོ།།
༧༣༽ དྲི་བ། རྩ་བ་ལས། དྲག་པ་གསུམ་ཉིད་ནང་འཕྲད་དམ།།
ཞེས་པའི་དྲག་པ་གསུམ་གང་ཡིན།དེར་པྲ་སིའི་འདོད་ཚུལ་ཇི་ལྟར་ཡིན།
ལན། པྲ་ཏིའི་ཀུན་བཟང་དགོངས་རྒྱན་ལས། དྲག་པ་གསུམ་ནི་བཀས་ལྟ་བུ་སྔོན་རྗེས་མིང་གསུམ་ཕོ་ཡིག་སྒྲ་དྲག་པ་དང་འཕྲད་པས་དྲག་པ་གསུམ་དུ་འདོད་ཅིང༌། སི་ཏུའི་མུ་ཏིག་ཕྲེང་མཛེས་ལས་དྲག་པ་གསུམ་སྟེ་ཕོ་ཡིག་སྐྱེས་བུ་རབ་འབྲིང་ཐ་གསུམ་ནི་རྗེས་འཇུག་ནང་འཕྲད་དུ་གྱུར་པ་ལ་ལྟོས་ནས་དབྱེ་སྟེ་ཞེས་དྲག་པ་གསུམ་ནི་སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་འདོད་པས་རང་ལུགས་ཕྱི་མ་ལྟར་རོ།།
༧༤༽ དྲི་བ། སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་དབྱེ་བའི་རྒྱུ་མཚན་དང༌། དམ་ཞེས་པས་ཚིག་གིས་གང་ཞིག་སྡུད་མིན་དང༌། དབྱེ་ཚུལ་ཇི་ལྟར་ཡིན།
ལན། སྒྲ་གདངས་དྲག་པ་རྗེས་འཇུག་ཕོ་ཡིག་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་དབྱེ་བ་ནི་རྗེས་འཇུག་ནང་འཕྲད་མ་འཕྲད་ཀྱིས་ཡིན་ལ། དམ་ཞེས་པའི་སྡུད་ཚིག་གིས་དེ་ལའང་ནང་གི་ཆ་ཤས་དྲག་ཞན་གཉིས་སུ་དབྱེ་བ་སྡུད་ལ། དབྱེ་ཚུལ་ནི་སྐྱེས་བུ་རབ་འབྲིང་གཉིས་ལ་ནང་འཕྲད་ཡོད་པས་སྒྲ་དྲག་པའི་དྲག་པ་དང༌། སྐྱེས་བུ་ཐ་མར་ནང་འཕྲད་མེད་པས་སྒྲ་དྲག་པའི་ཞན་པ་གཉིས་སུ་དབྱེ་བའོ།།
༧༥༽ དྲི་བ། རྩ་བ་ལས། ཞན་དང་འཕྲད་ན་ཞན་པར་གྱུར། །ཅེས་པའི་ཞན་པར་དབྱེ་བ་ཇི་ཡོད་དང་རྒྱུ་མཚན་གང་གིས་དེ་ལྟར་བཞག་པ་ཡིན།
ལན། སྒྲ་གདངས་ཞན་པ་རྗེས་འཇུག་མོ་ཡིག་ལ་མོ་ཙམ་དང༌། ཤིན་ཏུ་མོ་གཉིས་སུ་དབྱེ་ཞིང༌། དབྱེ་བ་དེ་ཡང་རྗེས་འཇུག་ཕན་ཚུན་ནང་འཕྲད་ན་སྟེ་ནང་འཕྲད་མ་འཕྲད་ཀྱིས་མོ་ཙམ་དང་ཤིན་ཏུ་མོ་གཉིས་སུ་དབྱེ་བ་ཕྱེ་བ་ཡིན་ཏེ། དེ་ལའང་ནང་གི་ཆ་ཤས་ཀྱིས་མོ་ཙམ་ལ་ནང་འཕྲད་ཡོད་པས་སྒྲ་ཞན་པའི་དྲག་པ་དང༌། ཤིན་ཏུ་མོ་ལ་ནང་འཕྲད་མེད་པས་སྒྲ་ཞན་པའི་ཞན་པ་གཉིས་སུ་དབྱེ་བ་ཡིན་ནོ།།
༧༦༽ དྲི་བ། མ་ནིང་ལ་ནང་གསེས་དབྱེ་བ་ཇི་ཡོད་དང༌། དབྱེ་བ་དེ་དག་གང་ཡིན་དང༌། རྒྱུ་མཚན་གང་གིས་སྒོ་ནས་དེ་ལྟར་དབྱེ་བ་ཡིན་ནམ།
ལན། རྩ་བ་ལས། མ་ནིང་འགྱུར་དང་མཚན་གཉིས་དང༌། །མཚན་མེད་དག་དང་གསུམ་དུ་འདོད། །ཅེས་གསུངས་པ་ལྟར་མ་ནིང་ལ་འགྱུར་བ་མ་ནིང་དང༌། མཚན་གཉིས་མ་ནིང༌། མཚན་མེད་མ་ནིང་གསུམ་དུ་དབྱེ་ཞིང༌། དེ་དག་ནི་མིང་གཞིར་འཇུག་ཚུལ་དང་གཅིག རྗེས་འཇུག་ཕན་ཚུན་ནང་འཕྲད་མ་འཕྲད་གཉིས་ཀའི་སྒོ་ནས་སྒྲ་གདངས་དྲག་ཞན་དུ་གྱུར་བས་དེ་ལྟར་དབྱེ་བའོ།།
༧༧༽ དྲི་བ། རྗེས་འཇུག་གི་ནང་གསེས་ལ་རྟགས་བརྒྱད་དུ་ཕྱེ་བ་ལས་མིང་གཞི་ལ་ལྟོས་དགོས་པ་དང་མི་དགོས་པའི་ཁྱད་པར་ཇི་ལྟར་ཡིན་ནམ།
ལན། རྗེས་འཇུག་ཕོ་ལ་ནང་འཕྲད་ཡོད་མེད་ཀྱི་སྟོབས་ལས་སྐྱེས་བུ་རབ་འབྲིང་ཐ་གསུམ་དང༌། མོ་ལའང་རྗེས་འཇུག་ནང་འཕྲད་ཡོད་མེད་ཀྱིས་མོ་ཙམ་དང་ཤིན་ཏུ་མོ་གཉིས་སུ་དབྱེ་ཞིང༌། མ་ནིང་ན་ར་ལ་གསུམ་ནི་མིང་གཞི་དང་རྗེས་འཇུག་ནང་འཕྲད་ཡོད་མེད་གཉིས་ཀ་ལ་ལྟོས་ནས་འགྱུར་བ་མ་ནིང་དང༌། མཚན་གཉིས་མ་ནིང་དང༌། མཚན་མེད་མ་ནིང་བཅས་རྟགས་བརྒྱད་དུ་དབྱེ་བའོ།།
༧༨༽ དྲི་བ། རྗེས་འཇུག་གི་བྱེད་པ་བཞི་པོ་གང་ཡིན་དང༌། སྔོན་རྗེས་གཉིས་ཀྱི་བྱེད་པ་བཞི་པོ་རྣམས་མཚུངས་མིན་བཅས་ཇི་ལྟར་ཡིན་ནམ།
ལན། བྱེད་པ་བཞི་ནི་གང་ལ་འཇུག་པར་བྱེད་པ་དང༌། གང་གིས་འཇུག་པར་བྱེད་པ། ཇི་ལྟར་འཇུག་པར་བྱེད་པ། ཅི་ཕྱིར་འཇུག་པར་བྱེད་པ་རྣམས་སོ། །སྔོན་འཇུག་གི་གང་ལ་འཇུག་པ་ནི་རང་གི་འཇུག་ཡུལ་གྱི་མིང་གཞི་དང༌། རྗེས་འཇུག་གི་གང་ལ་འཇུག་པ་ནི་ཡི་གེ་ཐམས་ཅད། གང་གིས་འཇུག་པར་བྱེད་པ་ནི་སྔོན་རྗེས་སོ་སོ་དང༌། ཇི་ལྟར་འཇུག་ནི་སྒྲ་གདངས་སོགས་སྔོན་རྗེས་གཉིས་མི་མཚུངས་སོ།།
༧༩༽ དྲི་བ། གང་ལ་ཡི་གེ་ཐམས་ཅད་ལ། །གང་གིས་བཅུ་པོ་དེ་དག་གིས། །ཞེས་པར་ཁྱབ་པ་ཡོད་མེད་དང༌། དེ་ལ་སྒྲ་དོན་གྱི་ཁྱད་པར་ཅི།
ལན། དཀའ་གསལ་མེ་ལོང་ལས། མིང་གཞིའི་ཡི་གེ་ཀུན་ལ་འཇུག།
ཅེས་རྗེས་འཇུག་གི་ཡི་གེ་བཅུ་པོ་མིང་གཞིའི་ཡི་གེ་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་པར་གསུངས་ཤིང༌། སྒྲ་ཡི་དབང་དུ་བྱས་ན་དེ་ལྟར་ཁྱབ་ཀྱང༌། དོན་གྱི་དབང་དུ་བྱས་ན་མིང་གཞིའི་ཡི་གེ་ཐམས་ཅད་ཀྱི་རྗེས་སུ་རྗེས་འཇུག་གི་ཡི་གེ་བཅུ་པོ་སྦྱར་ན་དོན་སྟོན་པས་མ་ཁྱབ་པས་ན་དོན་གྱི་དབང་དུ་དེ་ལྟར་ཁྱབ་པ་མ་ཡིན་ནོ།།
༨༠༽ དྲི་བ། དོན་ནི་རྣམ་པ་གཉིས་ཡིན་ཏེ། །ཞེས་པའི་རྣམ་པ་གཉིས་དེ་གང་ཡིན་གང་འདྲ་ཞིག་ལ་སྔ་མ་དང་ཕྱི་མ་གང་ལྟར་འགྱུར་བ་ཟེར་རམ།
ལན། རྣམ་པ་གཉིས་ནི་རྩ་བ་ལས། སྔ་མ་གང་ལྟར་འགྱུར་བ་དང༌།།
ཕྱི་མ་གང་ལྟར་འགྱུར་བའོ། །ཞེས་པ་ལྟར་དང༌། སྔ་མ་གང་ལྟར་འགྱུར་བ་ནི། རྗེས་འཇུག་གང་ལ་ཞུགས་པའི་མིང་དེས་བདག་གཞན་དུས་གསུམ་གང་ཞིག་སྟོན་པ་དེར་བྱ་ཞིང༌། ཕྱི་མ་གང་ལྟར་འགྱུར་བ་ནི་རྗེས་འཇུག་ཕོ་མོ་མ་ནིང་གསུམ་པོས་མིང་མཐའི་ཕོ་མོ་མ་ནིང་སོགས་རྟགས་མཚུངས་དང་བརྗོད་བདེ་འདྲེན་པ་ལ་བྱའོ།།
༨༡༽ དྲི་བ། སྒྲ་དོན་གྱི་སྦྱོར་བ་གཉིས་སྔ་མའི་རྗེས་འཇུག་དང༌། ཕྱི་མའི་བརྗོད་བྱ་དག་ལ་དབང་ཚུལ་དང༌། དེ་དག་གཙོ་ཆེ་ཆུང་ཇི་ལྟར་ཡིན་ནམ།
ལན། ཕྲད་དང་རྣམ་དབྱེ་རྣམས་ཀྱི་སྒྲ་སྦྱོར་རྗེས་འཇུག་ལ་གཙོ་བོར་ལྟོས་པ་དང༌། དོན་སྦྱོར་ཕྱི་མའི་མིང་མཐའ་ལ་གཙོ་བོར་ལྟོས་དགོས་ཤིང༌། བརྗོད་བྱ་དོན་གྱི་རིམ་པའི་དབང་དུ་བྱས་ན་མིང་མཐའ་གཙོ་ཆེ་བ་དང༌། རྗོད་བྱེད་ཚིག་གི་རིམ་པའི་དབང་དུ་བྱས་ན་རྗེས་འཇུག་གཙོ་ཆེ་སྟེ། དཔེར་ན་ཤར་ཕྱོགས་ཀྱི་མི་ལྟ་བུ་བརྗོད་བྱ་དོན་གྱི་ཆ་ནས་ཕྱི་མ་གཙོ་ཆེ་བ་དང༌། རྗོད་བྱེད་ཚིག་གི་ཆ་ནས་སྔ་མ་གཙོ་ཆེ་བའོ།།
༨༢༽ དྲི་བ། ད་སའི་ཡང་འཇུག་གཉིས་པོ་ཕོ་མོའི་རྟགས་ཀྱི་དབྱེ་བ་ཇི་ལྟར་ཡིན་དང༌། ཡང་འཇུག་ཐོབ་དོན་གསུམ་པོ་གང་དག་ཡིན་ནམ།
ལན། ཡང་འཇུག་གཉིས་ཀྱི་རྟགས་ནི་རྗེས་འཇུག་རྟགས་ཀྱི་དབྱེ་བ་ལྟར་ཡིན་ལ། ཡང་འཇུག་ཐོབ་དོན་གསུམ་ནི། གངས་ལྗོངས་ལྟ་བུ་ངག་གི་སྒྲ་གདངས་སམ་མིང་གི་ཆ་ནས་ཐོབ་པའི་ཡང་འཇུག་དང༌། འཛིནད་ཅིང་ལྟ་བུ་བྱ་བྱེད་ཀྱི་ཚྀག་གསལ་བར་བྱེད་པའི་ཆ་ནས་ཐོབ་པའི་ཡང་འཇུག བསྒྲུབས་ལྟ་བུ་གཙོ་བོ་དུས་གསུམ་སྐུལ་ཚིག་སྟོན་པའི་ཆ་ནས་ཐོབ་པའི་ཡང་འཇུག་དང་གསུམ་མོ།།
༨༣༽ དྲི་བ། རྟགས་མཚུངས་འདྲེན་པར་དབྱེ་བ་ཇི་ཡོད་དང༌། རྩ་བ་ལས་ཕོ་མོ་མ་ནིང་གི་རྟགས་གསུམ་ལས་མ་གསུངས་པའི་རྒྱུ་མཚན་གང༌།
ལན། རྩ་བ་ལས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང༌། །མོ་ཡིས་མོ་ཡི་མིང་མཐའ་དྲང༌། །མ་ནིང་གིས་ནི་མ་ནིང་ངོ༌། །ཞེས་པ་ལྟར་རྟགས་མཚུངས་འདྲེན་པ་ལ་ཕོ་མོ་མ་ནིང་གསུམ་ཡོད་ཅིང༌། རྟགས་མཚུངས་འདྲེན་པའི་སྐབས་འདིར་ཕོ་མོ་མ་ནིང་གི་རྟགས་གསུམ་ལས་མ་གསུངས་པ་ནི་རྟགས་མཚུངས་ཡིན་ན་དེ་གསུམ་གང་རུང་ཡིན་པས་ཁྱབ་པས་ན་དེ་གསུམ་ལས་མ་གསུངས་པ་ཡིན་ནོ།།
༨༤༽ དྲི་བ། མིང་མཐའ་དྲངས་པར་དབྱེ་བ་ཇི་ཡོད་དང་མིང་མཐའ་དྲངས་པ་ཡིན་ན་རྟགས་མཚུངས་དྲངས་པ་ཡིན་པས་ཁྱབ་མིན་ཇི་ལྟར་ཡིན།
ལན། མིང་མཐའ་དྲངས་པ་ལ་རྟགས་མཚུངས་འདྲེན་པ་དང༌། སྒྲ་མཐུན་ནམ་བརྗོད་བདེ་འདྲེན་པ་གཉིས་སུ་ཡོད་ལ། མིང་མཐའ་དྲངས་པ་ཡིན་ན་རྟགས་མཚུངས་ཡིན་པས་མ་ཁྱབ་སྟེ་བརྗོད་བདེ་དེའི་ཕྱིར། མིང་མཐའ་དྲངས་པ་ཡིན་ན་རྟགས་མཚུངས་དང་བརྗོད་བདེ་གང་རུང་ཡིན་པས་ཁྱབ་སྟེ་མིང་མཐའ་འདྲེན་པར་རྟགས་མཚུངས་དང༌། བརྗོད་བདེ་འདྲེན་པ་མ་ཡིན་པའི་མིང་མཐའ་དྲངས་པ་མེད་པས་ཕྱིར་རོ།།
༨༥༽ དྲི་བ། རྟགས་མཚུངས་དང༌། བརྗོད་བདེ་གཉིས་སུམ་རྟགས་ཀྱི་གཞུང་ལས་དངོས་ཤུགས་བསྟན་གང་དུ་བསྟན་མིན་ཇི་ལྟར་ཡིན་ནམ།
ལན། རྩ་བ་ལས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང༌། །ཞེས་སོགས་ཀྱིས་རྟགས་མཚུངས་དངོས་སུ་བསྟན་པ་དང༌། དེ་ཉིད་རང་གི་སྒྲ་མཐུན་པའི། །ཞེས་སྒྲ་མཐུན་དྲངས་པའམ་བརྗོད་བདེ་འདྲེན་པ་ཡང་དངོས་སུ་བསྟན་ཏེ། ཞལ་ལུང་ལས། རྟགས་མ་མཐུན་ཀྱང་བརྗོད་བདེ་གཙོ་བོར་བྱས་ནས་སྒྲ་མཐུན་དྲངས་པ་སུམ་རྟགས་གཉིས་ཀའི་དངོས་བསྟན་གྱི་དགོངས་པར་གནས་སོ། །ཞེས་གསུངས་སོ།།

༨༦༽ དྲི་བ། རྟགས་མཚུངས་དང་བརྗོད་བདེ་འདྲེན་པའི་དོན་དང༌། རྟགས་མཚུངས་དང་བརྗོད་བདེ་འདྲེན་པ་གཉིས་གཙོ་ཆེ་ཆུང་ཇི་ལྟར་ཡིན་ནམ།
ལན། རྗེས་འཇུག་ཕོས་མིང་མཐའ་ཕོ་དང༌། རྗེས་འཇུག་མོས་མོ་སོགས་དྲང་པ་ནི་དྲང་བྱ་དང་འདྲེན་བྱེད་གཉིས་རྟགས་མཚུངས་པར་འདྲེན་པ་ལ་རྟགས་མཚུངས་འདྲེན་པ་དང༌། དེ་མིན་ཕོས་མོ་སོགས་དྲང་བྱ་དང་འདྲེན་བྱེད་རྟགས་མཚུངས་མིན་པའི་མིང་མཐའ་འདྲེན་པ་ནི་བརྗོད་བདེ་འདྲེན་པ་ཡིན་ཞིང༌། རྟགས་མཚུངས་ལས་བརྗོད་བདེ་གཙོ་ཆེ་སྟེ་རྟགས་མཚུངས་ཀྱང་བརྗོད་བདེའི་ཆེད་ཡིན་པས་སོ།།
༨༧༽ དྲི་བ། རྩ་བ་ལས། ཆོས་དངོས་ལས་དང་འབྱེད་པ་དང༌། །ཞེས་སོགས་སུམ་ཅུ་པའི་རྣམ་དབྱེ་བཤད་པའི་སྐབས་དང་ཟློས་སྐྱོན་མིན་ཚུལ་གང༌།
ལན། རྟགས་འཇུག་སྐབས་སུ། ཆོས་དངོས་ལས་དང་འབྱེད་པ་དང༌།།
ཞེས་པ་ནས། གནས་དང་འབོད་པའི་སྒྲ་ཡང་དྲངས།།ཞེས་པའི་བར་གྱི་རྣམ་དབྱེ་བརྒྱད་བཤད་པ་སུམ་ཅུ་པའི་སྐབས་དང་ཟློས་སྐྱོན་མིན་ཏེ།སུམ་ཅུ་པའི་སྐབས་སུ་རྣམ་དབྱེ་བརྒྱད་ཀྱི་འཇུག་དོན་བཤད་པ་དང༌། རྟགས་འཇུག་གི་སྐབས་སུ་རྣམ་དབྱེ་བརྒྱད་ཀྱི་མཚན་ཉིད་བཤད་པས་ན།དེ་གཉིས་ཟློས་པའི་སྐྱོན་དུ་མི་འགྱུར་རོ།།
༨༨༽ དྲི་བ། རྟགས་འཇུག་ལ་རྟགས་ཀྱི་དབྱེ་བ་གཉིས་དང༌། དབྱེ་བ་གསུམ། དབྱེ་བ་བཞི། རྟགས་ཀྱི་དབྱེ་བ་ལྔ་བཅས་གང་དག་ཡིན་ནམ།
ལན། རྟགས་འཇུག་ལ་རྟགས་ཀྱི་དབྱེ་བ་མི་འདྲ་བ་བཞི་ལས། རྟགས་ཀྱི་དབྱེ་བ་གཉིས་ནི། སྤྱིར་རྟགས་སམ་དབྱངས་གསལ་རྟགས་ཀྱི་དབྱེ་བ་དང༌། རྟགས་ཀྱི་དབྱེ་བ་གསུམ་ནི། རྗེས་འཇུག་རྟགས་ཀྱི་དབྱེ་བ་ཡིན་ཞིང༌། རྟགས་ཀྱི་དབྱེ་བ་བཞི་ནི། སྔོན་འཇུག་རྟགས་ཀྱི་དབྱེ་བ་ཡིན། རྟགས་ཀྱི་དབྱེ་བ་ལྔ་ནི། བྱེ་བྲག་རྟགས་ཀྱི་དབྱེ་བ་ཡིན་ལ། ཐོག་མཐའ་གཉིས་ལ་དབྱེ་བ་ལས་འཇུག་པ་མེད་དོ།།
༨༩༽ དྲི་བ། རྩ་བ་ལས། དགག་སྒྲུབ་རྒྱན་དང་དུས་ལ་འཇུག།
ཅེས་པའི་སྒྲུབ་ཡིག་གི་དོན་དང༌། རང་ལུགས་ཀྱི་འདོད་ཚུལ་གང་ཡིན་ནམ།
ལན། སི་ཏུའི་མུ་ཏིག་ཕྲེང་མཛེས་དང༌། གཙོས་རྟགས་འཇུག ཐོན་མིའི་ཞལ་ལུང་གསུམ་ལས་སྒྲུབ་ནི་བདག་པོ་སྒྲུབ་པ་དང་དགག་པ་སྒྲུབ་པ་ལ་བཞེད་ཅིང༌། ཀརྨ་སྨོན་ལམ་གྱིས་སྒྲུབ་པ་ནི་དགར་སྡུད་ཀྱི་ནས་ལས་ལ་ངོས་བཟུང་ཀྱང༌། པྲ་ཏི་དང༌། རང་ལུགས་མཁན་པོ་བརྩོན་འགྲུས་ཀྱིས་སྒྲུབ་ནི། ཀ་བ་ལྟ་བུའི་བ་བཞིན་རང་གི་མིང་གི་ཆ་ཤས་སྒྲུབ་པར་བྱེད་པ་ཞིག་ལ་འདོད་པ་ལྟར་ལེགས་པ་ཡིན་ནོ།།
༩༠༽ དྲི་བ། རྩ་བ་ལས། སྤྱི་འཇུག་ཡོད་དང་བྱེད་པ་ཡོད། །ཅེས་པའི་ཚིགས་བཅད་ཀྱི་བསྟན་དོན་གང༌། བྱེད་པའི་གནས་བརྒྱད་གང་ཡིན་ནམ།
ལན། རྩ་བ་ལས། སྤྱིར་འཇུག་ཡོད་དམ་བྱེད་པ་ཡོད། །དེ་བཞིན་ཆེད་བྱེད་རྟེན་བྱེད་དང༌། །ལས་བྱ་བླང་བྱ་བསྒྲུབ་པར་བྱ། །སྔོན་དུ་འོས་པ་གནས་པའམ། །ཞེས་པའི་ཚིག་རྐང་གིས་བྱེད་པའི་གནས་བརྒྱད་བཤད་པ་སྟེ། གནས་བརྒྱད་ནི་གང་བྱེད། གང་ལ་བྱེད། གང་གིས་བྱེད། གང་གི་ཕྱིར་བྱེད། གང་ལས་བྱེད། གང་གི་བྱེད། གང་ན་བྱེད། གང་ཞེས་བྱ་བ་བྱེད་ཅེས་པ་རྣམས་སོ།
༩༡༽ དྲི་བ། གང་འདྲ་ཞིག་ལ་མིང་མཐས་མིང་མཐའ་དྲང་པ་དང༌། མིང་མཐས་ཕྲད་དང་རྣམ་དབྱེ་འདྲེན་པ་ཟེར། དེ་གཉིས་ལ་ཁྱད་པར་གང༌།
ལན། ཤར་ཕྱོགས་ལྟ་བུ་མིང་མཐས་མིང་མཐས་དྲང་པ་དང༌། ཤར་དུ་འགྲོ་ལྟ་བུ་མིང་མཐས་ཕྲད་རྣམ་དབྱེ་འདྲེན་པ་དང༌། ཤར་ཕྱོགས་སུ་འགྲོ་ལྟ་བུ་མིང་མཐས་མིང་མཐའ་དང་དེས་ཕྲད་དང་རྣམ་དབྱེ་འདྲེན་ཞིང༌། མིང་མཐས་མིང་མཐའ་དྲང་ན་དྲང་བྱ་དང་འདྲེན་བྱེད་གཉིས་ཀ་མིང་ཡིན་དགོས་ལ། མིང་མཐས་ཕྲད་རྣམ་དབྱེ་དྲང་ན་དྲང་བྱ་ཕྲད་རྣམ་དབྱེ་དང་འདྲེན་བྱེད་མིང་མཐའ་ཡིན་དགོས་སོ།།
༩༢༽ དྲི་བ། རྩ་བ་ལས། གཞན་ཡང་ཚིག་དོན་འོག་མ་ལས། །ནས། རྣམ་གྲངས་དག་ཀྱང་བཀོད་པ་ལས། །ཞེས་པའི་བར་སྡུད་ཚིག་ཇི་ལྟར་ཡིན།
ལན། རྩ་བ་ལས། བསྡུ་རྒྱུ་ཡོད་དམ་མེད་པ་དང༌། །ཞེས་པས་དང་སྒྲས་སྡུད་པ་བསྟན་ཅིང༌། གོང་མ་ལས་ཀྱང་དེ་བཞེན་ཏེ། །ཞེས་པས་རྒྱན་སྡུད་ཀྱི་སྡུད་པ་བསྟན། རྣམ་གྲངས་དག་ཀྱང་བཀོད་པ་ལས།།
ཞེས་པས་འབྱེད་སྡུད་ཀྱི་སྡུད་པ་བསྟན་པ་ཡིན་ཏེ། དཀའ་གསལ་ལས། གཞན་ཡང་ཚིག་དོན་གོང་འོག་ཏུ། །བསྡུ་རྒྱུ་ཡོད་ན་སྡུད་པའི་སྒྲ། །དང་དང་ཀྱང་ཡང་འང་སོགས་སྦྱོར། །ཞེས་གསུངས་སོ།།
༩༣༽ དྲི་བ། དོན་གྱི་ལྡོག་པ་ཁོ་ན་སྟོན་པའི་རྣམ་དབྱེ་ཡིན་ན་ཚིག་ཕྲད་དང༌། ཚིག་ཕྲད་ཡིན་ན་དོན་ལྡོག་སྟོན་པ་ཡིན་པས་ཁྱབ་བམ་མི་ཁྱབ།
ལན། སི་ཏུའི་ཞལ་ལུང་ལས། དོན་གྱི་ལྡོག་པ་ཁོ་ན་སྟོན་པའི་རྣམ་དབྱེ་ཡིན་ན་ཚིག་ཕྲད་ཡིན་པས་ཁྱབ་ཀྱང༌། ཚིག་ཕྲད་ཡིན་ན་དོན་གྱི་ལྡོག་པ་ཁོ་ན་སྟོན་པའི་རྣམ་དབྱེ་ཡིན་པས་མ་ཁྱབ་བོ། །ཞེས་གསུངས་སོ། །དཔེར་ན་རྗེས་འཇུག་ལ་མ་བལྟོས་པའི་ཕྲད་རང་དབང་ཅན་དྲུག་དང་རྣམ་དབྱེ་མིན་པའི་སླར་བསྡུ་དང༌། རྒྱན་སྡུད། ལྷག་བཅས། འབྱེད་སྡུད་རྣམས་ཚིག་ཕྲད་ཡིན་ཀྱང་རྣམ་དབྱེ་མ་ཡིན་ནོ།།
༩༤༽ དྲི་བ། ཚིག་ཕྲད་དང་རྣམ་དབྱེ་གཉིས་ཀྱི་དོན་དང༌། ཚིག་ཕྲད་དང་རྣམ་དབྱེ་ལ་མི་འདྲ་བའི་ཁྱད་པར་མུ་གསུམ་སོགས་གང་ཡོད་དམ།
ལན། མིང་ཚིག་ལ་མ་སྦྱར་ན་རང་སྟོབས་ཀྱི་དོན་མི་སྟོན་ཅིང༌། མིང་གི་ཐོག་མཐའ་བར་གསུམ་དུ་སྦྱར་ན་བརྗོད་བདེ་བ་དང༌། མཚམས་སྦྱོར་བ༑ དོན་གསལ་བར་ཕན་འདོགས་པ་ཞིག་ལ་ཚིག་ཕྲད་དང༌། ཆོས་གང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་རྣམ་པར་ཏེ་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་པའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་དང་དེ་གཉིས་ལ་ཁྱད་པར་མུ་བཞིའོ།།
༩༥༽ དྲི་བ། རྩ་བ་ལས། མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །ཞེས་བརྗོད་པ་མེད་ཚུལ་དང༌། རང་ལུགས་གང་ཡིན་ནམ།
ལན། མོ་ཡིག་གི་གུ་སོགས་ཨཱ་ལི་དབྱངས་བཞི་པོ་མེད་ན་ཕོ་ཡིག་ཀཱ་ལི་ཁོ་ནས་བརྗོད་པ་མེད་པར་འགྱུར་ཏེ། མི་འགྱུར་རྡོ་རྗེ་ལྟ་བུ་ཨཱ་ལི་དབྱངས་ལྡན་རྣམས་ལ་ལྟོས་པའི་བརྗོད་པ་དེ་སྙེད་མི་ཚང་བར་འགྱུར་བའི་ཕྱིར། ལ་ལས་བརྗོད་པ་གཏན་ནས་མེད་པར་བཞེད་ཀྱང༌།རང་ལུགས་དབྱངས་ལྡན་གྱི་བརྗོད་པ་མེད་པར་འགྱུར་བ་ལས་བརྗོད་པ་མཐའ་དག་མེད་པར་འགྱུར་བར་མི་འདོད་དེ་ལྟར་ན་ཧ་ཅང་ཐལ་ལོ།།

༩༦༽ དྲི་བ། རྩ་བ་ལས། འཇུག་པར་བཅས་པ་མེད་ན་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །ཞེས་པའི་སྐབས་ཀྱི་བསྟན་དོན་གང་ཡིན་ནམ།
ལན། འཇུག་པར་བཅས་པ་སྟེ་རྗེས་འཇུག་གི་ཡི་གེ་བཅུ་པོ་མེད་ན་ནི༑ དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང༌། དོན་གྱི་ཁྱད་པར་སྟོན་པའི་ཚིག་ཀྱང་གསལ་མི་ནུས་ལ། མིང་ཚིག་གསལ་བ་མེད་ན་དོན་གྱི་རྣམ་པ་རང་དང་གཞན་ལ་མཚོན་ཞིང་གོ་བར་བྱེད་པའི་བརྗོད་པ་རྣམས་མེད་པར་འགྱུར་བས་ཚིག་རྐང་འདི་དག་གིས་རྗེས་འཇུག་གི་ནུས་པའམ་རྗེས་འཇུག་གི་བྱེད་ལས་དང༌། དགོས་པ་ལྡོག་ཕྱོགས་ནས་བསྟན་པའོ།།
༩༧༽ དྲི་བ། རྩ་བ་ལས། རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །ཞེས་དང༌།བསླབ་པ་རྣམས་ཀྱང་མེད་པར་འགྱུར། །སོགས་ཀྱིས་བསྟན་དོན་གང༌།
ལན། མིང་ཚིག་བརྗོད་པ་གསུམ་མེད་ན་འཇིག་རྟེན་འདིར་དོན་མཚོན་བརྗོད་པ་སྟེ་ལུང་དུ་སྟོན་པའི་སྒྲ་སྐད་ཐམས་ཅད་མི་འབྱུང་བས།དེས་ན་ཡི་གེར་བལྟོས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཕྱི་རོལ་པའི་རིག་བྱེད་ཀྱི་གཞུང་དང༌། ནང་པའི་ཉན་རང་ཐེག་པའི་བསླབ་པ་རྣམས་སྟོན་ཅིང་སྨྲ་བའང་མེད་པར་འགྱུར་བས།དེའི་ཕྱིར་ཚིག་རྐང་འདི་དག་གིས་ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པ་ཡིན་ནོ།།
༩༨༽ དྲི་བ། རྩ་བ་ལས། ཕུང་པོ་ཁམས་དང་སྐྱེད་མཆེད་དང༌།།
ཞེས་པ་ལྟར་ཕུང་ཁམས་སྐྱེད་མཆེད་རྣམས་ཀྱིས་གྲངས་ངེས་ཇི་ལྟར་ཡིན་ནམ།
ལན། ཕུང་པོ་ལྔ་ནི། གཟུགས་ནས་རྣམ་ཤེས་བར་གྱི་ཕུང་པོ་ལྔའོ།།
ཁམས་བཅོ་བརྒྱད་ནི། གཟུགས་སྒྲ་སོགས་དམིགས་པ་ཡུལ་གྱི་ཁམས་དྲུག་དང༌། མིག་རྣའི་དབང་པོ་སོགས་རྟེན་དབང་པོའི་ཁམས་དྲུག མིག་རྣའི་རྣམ་ཤེས་སོགས་རྟེན་པ་དབང་པོའི་ཁམས་དྲུག་རྣམས་སོ། །སྐྱེད་མཆེད་བཅུ་གཉིས་ནི། མིག་སོགས་ནང་གི་སྐྱེད་མཆེད་དྲུག་དང༌། གཟུགས་སོགས་ཕྱི་ཡི་སྐྱེད་མཆེད་དྲུག་གོ།
༩༩༽ དྲི་བ། ལག་པའི་མིག་ལ་དབྱངས་འཇུག་བཞི་བཅུ་དང༌།།
མཚམས་ཀྱི་བགྲོད་པར་འཕུལ་རྟེན་རྩེ་ཟུང་གིས། །ཞེས་པའི་བསྟན་དོན་གང༌།
ལན། ལག་པའི་མིག་ལ་ཞེས་པ་གྲངས་ཀྱི་མངོན་བརྗོད་ཡིན་ལ། དེ་ཡང་གཉིས་པའི་གཉིས་པ་སྟེ་ཆ་ཡིག་ལ་དབྱངས་འཇུག་བཞི་བཅུ་སྟེ་དབྱངས་བཞི་པ་ན་རོ་དང་རྗེས་འཇུག་བཅུ་པ་ས་ཡིག་སྦྱར་བས་ཆོས་ཞེས་གྲུབ་པ་དང༌། མཚམས་དྲུག་དང་བགྲོད་པ་གཉིས་སྟེ་ཟ་ཡིག་བསྟན་ལ། འཕུལ་རྟེན་རྩེ་ཟུང་ཞེས་བ་འཕུལ་དང་ང་མཐའ་སྦྱར་བས་བཟང་སྟེ་ཆོས་བཟང་ཞེས་གབ་ཚིག་རྒྱན་གྱིས་བསྟན་པའོ།།
༡༠༠༽ དྲི་བ། སི་ཏུའི་ཞལ་ལུང་རྟགས་འཇུག་འདི་མཁས་དབང་སུས་གནས་གང་དུ། རང་ལོ་དང༌། ལོ་ཟླ་ཚེས་བཅས་གང་ལ་བརྩམས་སམ།
ལན། ཤཱཀྱའི་དགེ་སློང་མཁས་མཆོག་དངུལ་ཆུ་དྷརྨ་བྷ་དྲའམ་དངུལ་ཆུ་བླ་མ་ཆོས་བཟང་གིས་གནས་གཙང་གཡས་རུ་བཞད་ཀྱི་བྱེ་བྲག་དངུལ་ཆུའི་རི་ཁྲོད་དགའ་ལྡན་རྩེའི་སྤོང་ཁང་དུ་རང་ལོ་ ༣༥ སོན་པའི་ཟད་པ་ཞེས་པ་མེ་སྟག་ལོ་སྟེ་ཕྱི་ལོ་ ༡༨༦༦ ལོའི་གྲོ་བཞིན་ཟླ་བ་སྟེ་བོད་ཟླ་ ༧ པའི་དཀར་ཚེས་དགའ་བ་དང་པོ་སྟེ་ཡར་ངོའི་ཚེས་ ༡ ཉིན་ལེགས་པར་བརྩམས་པ་ལགས་སོ།།    །།

མཐའ་མའི་བསྐྱར་བཅོས། (༡༣༢༠༡༡༠༩༤༤)འབྲི་མཁན། མཁར་སྒང་བསོད་ནམས་དབང་ལྡན།༡༢༢༠༡༡༢༣༥༦
༄༅། །རྟགས་འཇུག་སྐབས་ཀྱི་དུས་གསུམ་གྱི་རྣམ་གཞག་བློ་གསར་ལམ་སྟོན།
བླ་མ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །
སྤྱིར་ན་རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་ནི། དུས་གསུམ་བདག་གཞན་བྱ་བྱེད་ལས་གསུམ་སོགས་ཏེ། རྩ་བ་ལས།
ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། །
ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །
མ་ནིང་གཉིས་ཀ་ད་ལྟ་ཆེད། །
མོ་ནི་བདག་དང་མ་འོངས་ཕྱིར། །
ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །
ཞེས་པའི་གཞུང་འདིས་བསྟན་ཏོ། །
སྤྱིར་ད་བར་བོད་སྐད་དུ་བཀོལ་བའི་བྱ་ཚིག་གི་གྲངས་ནི། བོད་རྒྱ་ཚིག་མཛོད་ཆེན་མོའི་མཇུག་ཏུ་བཀོད་པ་ལྟར་ན། ༡༢༡༤ ཐམ་པ་དང་། མཁས་པའི་དབང་པོ་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་ ༡༩༧༨ ལོར་མཛད་པའི་རྟགས་འཇུག་དཀའ་འགྲེལ་གནད་ཀྱི་སྒྲོན་མེ་རུ་བྱ་ཚིག་ ༡༠༤༤ ཐམ་པ་བཀོད་གནང་བ་དང་། མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་གིས་ ༡༩༧༩ ལོར་མཛད་་པའི་བརྡ་སྤྲོད་བློ་གསལ་དགའ་སྟོན་གྱི་མཇུག་ཏུ་གཟུགས་འགྱུར་མི་འགྱུར་དང་བརྡ་རྙིང་གི་བྱ་ཚིག་ཁག་བཅས་ཁྱོན་བསྡོམས་ ༡༠༤༠ ཐམ་པ་བཀོད་ལ། དེ་བཞིན་སེར་བྱེས་ལྭ་བ་སྤྲུལ་སྐུ་བཀྲ་ཐང་འཇམ་དཔལ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་དེ་ ༡༩༩༧ ལོར་པར་དུ་བསྐྲུན་པའི་བརྡ་སྤྲོད་གཞུང་ལ་འཇུག་པའི་ཉམས་སྣང་དུ་བྱ་ཚིག་ཁྱོན་བསྡོམས་ ༤༤༩ བཀོད་པ་རྣམས་སྡེ་ཚན་ཆེ་ཆུང་བཅུ་གཅིག་ཙམ་དུ་ཕྱེ་བ་དང་། གྲུབ་གཞོན་སྐལ་བཟང་ཕུན་ཚོགས་ཀྱིས་ ༢༠༡༠ ལོར་པར་དུ་བསྐྲུན་པའི་དུས་གསུམ་རང་གྲོལ་འགོས་ཀྱི་ཞལ་ལུང་དུ་བྱ་ཚིག་ཁྱོན་བསྡོམས་ ༡༡༥༦ བཀོད་ཅིང་། མཁས་པའི་དབང་པོ་འགོས་པདྨ་རྒྱལ་མཚན་མཆོག་གི་གསུང་རྒྱུན་ལྟར་དུས་གསུམ་གྱི་བྱ་ཚིག་ ༡༡༥༦ པོ་ཐམས་ཅད་རིགས་བརྒྱད་དུ་བསྡུས་ནས་དབྱེ་ཞིབ་ལེགས་པར་གནང་འདུག་པ་རྣམས་ནི། དུས་གསུམ་གྱི་དཔེར་བརྗོད་ཞིབ་རྒྱས་བཀོད་ནས་སྡེ་ཚན་དུ་བགོས་པ་དག་ཡིན།
མིང་གཞི་ཀ་མད་སུམ་ཅུ་ལ་བྱ་ཚིག་གང་ཡོད་ཀྱི་རེའུ་མིག
Number of Verbs formed with the 30 Root Letters.
མིང་གཞི།
ཚིག་མཛོད་ལྟར་ན།
ཉན་ཤུལ་ལྟར་ན།
ཁ་སྣོན།
བསྡོམས་གྲངས།
དེ་ལས་སྤྱིར་བཏང་བ།
བྱེ་བྲག་པ།
ཐོར་བུ་བ།
69
68
28
97
0
44
53
62
55
16
78
1
4
73
151
139
17
168
15
42
111
26
22
5
31
0
12
19
15
20
5
20
5
3
12
39
29
15
54
2
12
40
32
15
6
38
9
7
22
52
47
15
67
0
24
43
51
45
11
62
3
25
34
41
34
10
51
0
4
47
106
88
27
133
8
22
103
39
31
15
54
0
16
38
27
23
9
36
0
0
36
44
39
12
56
0
0
56
106
96
32
138
13
0
125
37
32
15
52
0
0
52
21
26
13
34
0
12
22
40
27
8
48
0
10
38
28
24
9
37
4
8
25
28
33
12
40
2
1
37
32
27
7
39
1
6
32
3
3
5
8
0
0
8
26
12
8
34
0
0
34
28
18
8
36
0
6
30
16
10
3
19
0
0
19
27
25
5
32
2
10
20
61
53
20
81
4
29
48
7
3
7
14
0
0
14
བསྡོམས།
1214
1044
343
1557
69
297
1191
༼ཡུལ་སྐད་ཀྱི་ཨག་པ་དང་ཨབ་པ་གཉིས་མ་གཏོགས། ཝ་དང་ཨ་གཉིས་ལ་བྱ་ཚིག་གཏན་ནས་མེད་ཅིང་། བྱ་ཚིག་ཕལ་མོ་ཆེ་ནི་དུས་གསུམ་སྐུལ་ཚིག་དང་བཅས་པ་ལ་འགྱུར་བ་ཆེན་པོ་མེད་པ་ཤ་སྟག་ཡིན་པས། སྦྱང་བདེ་ཞིང་འཛིན་སླ། ཁྱབ་ཆེ་ཞིང་འཇུག་པ་མང་བའི་ཁྱད་ཆོས་དང་ལྡན་པ་མཁྱེན་པར་མཛོད། ༽
རེའུ་མིག་འདིར་ཤིན་ཏུ་ཞིབ་མོའི་ལུགས་ཀྱིས་བོད་རྒྱ་ཚིག་མཛོད་ཆེན་མོ་དང་། ཉན་ཤུལ་གྱི་རྟགས་འཇུག་དཀའ་འགྲེལ་གནད་ཀྱི་སྒྲོན་མེ་གཉིས་སུ་གསལ་བའི་བྱ་ཚིག་རྣམས་ཀྱི་གྲངས་ཀ་ཀ་མད་རེ་རེ་བཞིན་བཀོད་ཐོག་བོད་རྒྱ་ཚིག་མཛོད་ཆེན་མོ་རུ་མི་གསལ་བར་ཁ་སྣོན་བྱས་པའི་གྲངས་ཀ་དང་། ཀ་མད་སོ་སོར་དུས་གསུམ་སྤྱི་བྱེ་ཐོར་བུ་ཇི་ཡོད་ཀྱི་གྲངས་ཀ་བཅས་བཀོད་ཡོད་པས། བྱ་ཚིག་རེ་ཟུང་ལྷག་ཡོད་སྲིད་པ་མ་གཏོགས་བརྒྱ་ཆ་དགུ་བཅུ་གོ་དགུ་ཙམ་འདིར་བསྡུས་ཡོད་སྙམ་སྟེ། དེ་ལྟར་ན་བོད་ཡིག་གི་བྱ་ཚིག་ཁྱོན་བསྡོམས་ཆིག་སྟོང་ལྔ་བརྒྱ་ལྔ་བཅུ་ང་བདུན་༼༡༥༥༧༽ཐམ་པ་ཡོད་ཅིང་། དེ་རྣམས་ལའང་རང་རང་གི་དུས་གསུམ་གྱི་བྱ་ཚིག་དང་། བྱ་ཚིག་གཞན་དབང་ཅན་ལ་སྐུལ་ཚིག་མེད་ཀྱང་། བྱ་ཚིག་རང་དབང་ཅན་དག་ལ་སྐུལ་ཚིག་ཀྱང་ཡོད་མོད། ལོགས་སུ་མ་བགྲངས་སོ། །
བོད་རྒྱ་ཚིག་མཛོད་ཆེན་མོ་ནི་རྒྱ་བོད་ཀྱི་མཁས་པ་མང་པོས་རྩོམ་སྒྲིག་གནང་ཞིང་། བོད་ཕྱི་ནང་གང་སར་ཁྱབ་བརྡལ་ཆེ་སྟབས། སྐད་ཡིག་བརྡ་དག་དང་བཅས་པ་གཅིག་མཐུན་འོང་ཕྱིར་ཚིག་མཛོད་འདི་ཉིད་ལ་གཞིར་བཞག་དང་གཙིགས་ཆེན་ཞུ་རྒྱུ་གལ་ཆེ་བར་མཐོང་ནས་དེ་ལྟར་བྱས་པ་ལགས་སོ། །
གཞན་ཡང་། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་སུ་བྱ་ཚིག་འགོད་སྟངས་ཀྱང་ད་ལྟ་བའི་བྱ་ཚིག་ལ་གཙོ་བོར་བཟུང་འདུག་སྟེ། དཔེར་ན། བཀོད་ཅེས་པའི་ད་ལྟ་བ་འགོད་པ་ཡིན་པས། དགོད་འགོད་བཀོད་ཁོད། དགྲོལ་འགྲོལ་བཀྲོལ་ཁྲོལ། བཀྱག་འགྱོག་བཀྱགས་ཁྱོག་ཅེས་པའི་ཚིག་སྡེབ་འདི་དག་མིང་གཞི་ག་དང་འབྲེལ་བའི་བྱ་ཚིག་ཏུ་བྱས་པ་ལྟ་བུ་ཡིན་པས། མིང་གཞི་ཀ་ལ་སྤྱིར་བཏང་བའི་བྱ་ཚིག་མེད་པའི་རྟགས་སུ་ཀླད་ཀོར་བཀོད་ཡོད་པ་སོགས་མཁྱེན་དགོས།
ཉན་ཤུལ་གྱི་གསུང་ལས་བཏུས་པ་དང་རང་གིས་ཀྱང་ཅི་རིགས་པ་ཁ་སྣོན་བྱས་པའི་བྱ་ཚིག་རྣམས་ནི། གར་པོ་ཆགས་པའི་དོན་གྱི་དཀག་པ། དཀའ་བ། དཀར་བ། མདོག་ལ་སོགས་པ་རང་བཞིན་གྱིས་སྐྱ་བ། སྐྱིད་པ། ཉེས་པའི་དོན་གྱི་སྐྱོན་པ། སྐམ་པ། བརྐུ་རྐུ་བརྐུས་རྐུས། བརྐོ་རྐོ་བརྐོས་རྐོས། བརྐྱང་རྐྱོང་བརྐྱངས་རྐྱོངས། ཁ་འཁོར་བ། འཁོགས། འཁོབས། འཁྲེན། གས་པ། ཨུ་ཚུགས་བྱེད་པའི་དོན་གྱི་གེལ་བ། དགེ དགེས། སྐམ་པའི་དོན་གྱི་དགོག་པ། འགབ། རྒོལ་ཞིང་སྡིག་པའི་དོན་གྱི་བརྒྱད་པ། ངན། སྔོ། འདྲ་བའི་དོན་གྱི་གཅིག་པ། མིག་གཅར་གཅར་བཅར་གཅོར། ཕྱག་རྒྱ་དང་མོག་མོག་སོགས་བཅའ་བཅའ་བཅའ་བཅོ། ཐུག་པའི་དོན་གྱི་ཆ་བ། ཆེ་བ། ཆད། ཆུང་། མཆོར། འཇིག་རྟེན་སོགས་ཆགས། འཆུག་འཆུག་འཆུགས། འཇམ། རྗུད། ཉུང་། སྙན། ཐུང་། ཤ་གཙབ་པའི་དོན་གྱི་འཐར་འཐར་འཐར་འཐོར། མཐོ་བ། ཐ་དད་པ། མེ་སོགས་ཤི་བའི་དོན་གྱི་དས་པ། དུལ། དེས། བདེ། བརྗེ་བའི་དོན་གྱི་བདེད་པ། མེ་སོགས་བསད་པའི་དོན་གྱི་བདས་པ། འདེང་འདེང་དེངས་དེངས། ལྡོག་ལྡོག་ལྡོགས་ལྡོགས། ལྡོང་ལྡོང་ལྡོངས།
ལྡོན། འཁྱམ་པའི་དོན་གྱི་ལྡོམ་པ། ནུས། ནག མནར་ནས་ནར་བ། སྤག་གཡོས་པའི་དོན་གྱི་བསྣག་སྣག་བསྣགས་སྣོགས། རྫོག་པའི་དོན་གྱི་བསྣག་སྣག་བསྣགས་སྣོགས། མདོག་ལ་སོགས་པ་སྣུམ་པ། དཔའ། འཇུ་བའམ་འཛིན་པའི་བརྡ་རྙིང་ལ་འཇུག་པའི་སྤྱོང་བ། ཕོད། ཕྲ། འཕྲལ་འཕྲལ་ཕྲལ་ཕྲོལ། སྤར་ནས་རྗེས་ལ་སོགས་པ་བར་བ། བྱིབས། བྲོད། དབྲོག་འཕྲོག་ཕྲོགས་ཕྲོགས། རྨུག་པའི་དོན་གྱི་འབྲེད་པ། ཉེ་བར་བསྟེན་པའི་དོན་གྱི་འབྲོངས་པ། ནུས་ཤིང་ཕོད་པའི་དོན་གྱི་བྲ་བ། སྦྲིིད་སྨན་སོགས་ཀྱིས་སྦིར་བ། སྦྱག་སྦྱག་སྦྱགས། སྦྱིང་སྦྱིང་སྦྱིངས་སྦྱིངས། སྦྲེས། མང་། མྱུར། དམའ། དམར། རྨད་རྨེད་རྨད་རྨེད། རྨུས། དྲི་ངན་ལ་སོགས་པ་བཙོག་པ། ཚིགས་འཁྱུགས་པ་བཙུད་འཛུད་བཙུད་ཚུད། འཛེམས་པའི་དོན་གྱི་བཙའ་བ། བཙུམ་བཙུམ་བཙུམས་ཚུམས། བརྩིང་རྩིང་བརྩིངས། རྩུབ། ཚ་བོ་བྱེད་པའི་དོན་གྱི་ཚ་བྱ་ཚ་བྱེད་ཚ་ཚོ། འཚབ་འཚབ་འཚབས། ཕྱེན་དང་སྣུམ་སོགས་ཛིར་བ། མཛངས། མཛེས། འཛངས། རྡུང་བའི་དོན་གྱི་རྫོག་པ། རྟེའུ་སོགས་སྐྱེས་པའི་དོན་གྱི་ཞག་པ། ཁ་བ་སོགས་བབ་པའི་དོན་གྱི་ཞག་པ། ཞན། ཞིམ། གཞོན། ཤོང་བའི་དོན་གྱི་ཟིང་བ། གཟུར་གཟུར་བཟུར་ཟུར།
གཟེར། བཟང་། འོས་པ། འོན་པ། གནམ་དྭངས་པའི་དོན་གྱི་གཡེད་པ། རང་བཞིན་གྱིས་རིང་བ། རིངས། རིད། གྱུར་པའི་དོན་གྱི་རེད་པ། བརྟན་པའི་དོན་གྱི་བརླིང་བ། ཉི་མ་སོགས་ནུབ་པའི་དོན་གྱི་ལ་བ། མཁོ་བའམ་ཕན་ཐོགས་པའི་དོན་གྱི་ལོ་བ། ཇ་སོགས་སྲུབ་པའི་དོན་གྱི་གཤད་གཤད་གཤད་ཤད། ལྒང་ཕུག་གི་དབུགས་སོགས་སིར་བ། ཞུམ་ནས་ཕྱིར་འཐེན་བྱེད་པའི་དོན་གྱི་སིར་བ། སེར། གསལ། གསེག གྲང་བའི་དོན་གྱི་བསིལ་བ། འོག་ཏུ་གནོན་པའི་དོན་གྱི་ལྷད་པ། བཅས་བརྒྱ་དང་ཉི་ཤུ་༼༡༢༠༽པོ་ཡིན་ཞིང་། དཀའ་ཞེས་སོགས་བྱ་ཚིག་གཅིག་ཁོ་ནར་བཀོད་པ་དག་ནི་གཟུགས་མི་འགྱུར་བ་ཡིན།

གཞན་ཡང། 《བོད་རྒྱ་ཚིག་མཛོད་ཆེན་མོ་རང་དུ་གསལ་ཡང་། དེའི་དུས་གསུམ་རེའུ་མིག་ཏུ་མི་གསལ་བའི་བརྡ་རྙིང་དང་ཡུལ་སྐད་ཀྱི་བྱ་ཚིག་ལ་སོགས་པ་གྲངས་ཉིས་བརྒྱ་ཉེར་གསུམ་༼༢༢༣༽ཐམ་པ་འདུག་པ་འདི་ལྟར། དཀོན་པ། གཏོང་བའི་དོན་གྱི་དཀྱེར་བ། བཀོན་པ། གདམས་ངག་མི་སྦྱིན་པའི་དོན་གྱི་བཀྱིལ་བ། བཀྲ་བ། བཀྲེན་པ། འདོམས་པའི་བརྡ་རྙིང་༼བརྡ་རྙིང་ལ་རྟགས་འདི་༅བརྒྱབ་ཡོད།༽༅བཀྲོས་པ། རིད་པའི་རྐེ་བ། སྐྱ་བའི་རྐྱ་བ། གྲག་པའི་སྐད་པ། སྐྱེན་པ། སྒྲིམ་པའི་སྐྱོལ་བ། ཉམས་པའི་སྐྱོས་པ། འཁྲབ་པའི་བརྡ་རྙིང་༅སྐྲབ་པ། གཏོང་བའི་༅སྐྲི་བ། སྐྲུག་པ། བསྐྱིམ་སྐྱིམ་བསྐྱིམས་སྐྱིམས། འཁྲུག་ལོང་བྱས་པའི་༅བསྐྱོས་པ། ཁེ་བ། ཁེན་པ། བཀག་ནས་ཁོག་པ། འདང་བའི་༅ཁྱེད་པ། གོ་ལྡོག་པའི་༅མཁུ་བ། ཁུག་པ། ཐུལ་བའི་འཁུལ་བ། མི་མགུ་བའི་༅འཁོང་བ། ཆུད་མི་ཟ་བའི་༅འཁོས་པ། སྐོར་བའི་༅འཁྱིམས་པ། འབྲུ་འབྲས་སོགས་དཀྲབ་འཁྲབ་བཀྲབས་ཁྲོབས། བཀུར་བའི་༅གྱུ་བ། གྲང་བ། གྲོན་པ། བགྲད་པའི་༅དགྲད་པ། བགྲེ་བ། འགོག་པའི་འགེགས་པ། འགོང་བ། འཁྲིག་པའི་རྒྱོ་བ། སྒྱོང་བ། བརྒྱུངས་པ། མངའ་བ། རྔོམ་པ། སྔ་བ།
ཅེར་བ། ལྕི་བ། ཁྱབ་པའི་༅ཆིབ་པ། བག་འཁུམས་པའི་ཆུམ་པ། འདོད་པའི་༅ཆུམས་པ། སྡུམ་པའི་༅འཆུགས་པ། འཆུར་བ། འཆེག་པ། འཆེལ་བ། འཆོ་བ། ཞེད་པའི་༅མཇེད་པ། ནང་དུ་འཇུག་པའི་༅འཇུད་པ། ལེན་པའི་༅འཇེན་པ། འཇོན་པ། ཉབ་པ། ཉེ་བ། ངལ་བའི་༅ཉེལ་བ། ཉོག་པ། ཉོར་བ། མཉམ་པ། རང་བཞིན་གྱིས་རྙིང་བ། སྙི་བ། བཟུང་བའི་༅བརྙོས་པ། བརྩོན་པའི་༅བསྙུར་བ། འཁྲུད་པའི་༅བསྙུལ་བ། འཇིགས་པའི་༅བསྙོལ་བ།
དགོད་པའི་༅ཏུལ་པ། འཚོག་པའི་༅གཏག་པ། སྨྲ་བའི་༅གཏི་བ། བཏུབ་པ། འབྱོར་བའི་༅ལྟན་པ། ལྟམ་པ། རྨོངས་པའི་༅ལྟོངས་པ། འཆི་བའི་༅ལྟེམ་པ། སྦྱིན་པའི་༅ལྟོས་པ། མནར་བའི་༅བསྟིར་བ། ཞེན་པའི་༅ཐེན་པ། མཐོ་བ། མཐོས་པ། འཐུད་པ། འཐུམ་པ། འཁྲུགས་པའི་༅འཐུར་བ། འཐོམ་པ། དང་བ། དལ་བ། དིག་པ། དིམ་པ། འདུམ་པའི་༅དུམ་པ། ཕྱིན་པའི་༅དེངས་པ། དེད་པ། དོན་པ། སྡོམ་པ་སོགས་ཀྱི་༅དྲགས་པ། བདེན་པ། བདོག་པ། འདྲ་བ། འདྲེག་པ། ལྡན་པ། ལྡས་པ། ལྡིབ་པ། ལྡེང་བ། གནག་པ། གནས་པ། བཟོད་པའི་༅མནག་པ། ཞིམ་པའི་མནོག་པ། རྣོ་བ། བོས་པའི་༅རྣོགས་པ། བརྗེ་བའི་༅རྣོར་བ། གཡེམ་པའི་༅སྣགས་པ། མིད་པ་སོགས་འགག་པའི་༅བརྣངས་པ། འཐེན་པའི་༅བརྣུ་བ།
མཁོ་བ་སོགས་ཀྱི་༅དཔེན་པ། རྫེ་བའི་༅དཔྲེ་བ། སྤམ་པ། རྫུན་པ་སོགས་ཀྱི་༅སྤུན་པ། སྤུབ་པ། གཏོང་བ་སོགས་ཀྱི་༅སྤེན་པ། ནུས་པ་སོགས་ཀྱི་༅སྤོབས་པ། ཕངས་པ། ཕྱང་བ། ཉམས་པ་སོགས་ཀྱི་༅འཕན་པ། འཕིགས་པ། འཕིར་བ། འཕྲི་བ། འཕྲུལ་བ། འཕྲས་པ། འཕྲེས་པ། བས་པ། ཕུག་ནས་བུག་པ། བུལ་བ། བོ་བ། ལྟོགས་པའི་༅བྲུ་བ། སྨྲ་བའི་༅བླ་བ། ཚུར་འགུགས་པའི་༅བླན་པ། བླུན་པ། དབོར་བ། འཕོ་བར་བྱེད་པའི་༅དབོལ་བ། སྐྲངས་པ་སོགས་ཀྱི་༅དབོས་པ། མྱུལ་བའི་༅དབྱུལ་བ། གྱེན་དུ་བརྫེ་བའི་༅དབྲེ་བ། འབིབས་པ། གཏམ་སྨྲ་བའི་༅འབེར་བ། མཚམས་ཕྱེད་པའི་༅འབྱེས་པ། འབྲེང་བ། འབྲོབ་པ། ཉེན་པའི་༅སྦེབ་པ། སྦྱིག་པ། ལྟོགས་པའི་༅སྦྲིབས་པ། འགྲེ་ལོག་བྱེད་པའི་༅སྦྲེ་བ། མད་པ། མུག་པ། ཉམས་པའི་༅མོག་པ། དམུར་བ། སྐྱོ་བ་སོགས་ཀྱི་༅རྨུས་པ། འདྲི་བ་སོགས་ཀྱི་༅རྨེ་བ། ཉོབ་པའི་༅རྨྱ་བ། སྨྱུར་བ། སྨྲ་བའི་༅སྨྲེང་བ།
གཙང་བ། གཙོ་བ། བཙན་པ། རོལ་བའི་༅རྩེན་པ། བསྡིགས་པའི་༅བརྩགས་པ། སྐྱུག་སྤྱད་གཞོལ་བ་སོགས་ཀྱི་༅བརྩལ་བ། བཀྲུ་བའི་༅ཚན་པ། མཚར་བ། མཚུངས་པ། འཚེ་བ། གཤག་པའི་༅འཚེག་པ། འཚེད་པ། མཛའ་བ། མཛའ་བའི་༅འཛན་པ། རྫུན་པ། གཡོ་རྫུ་བྱེད་པའི་༅རྫུབ་པ། ཞར་བ། ཞིབ་པ། ཞུལ་བ། སྒྲིག་པའི་༅གཞིབས་པ། དྲན་སྐུལ་གཏོང་བའི་༅གཞེན་པ། བསྟེན་པའི་༅གཞེར་བ། གཞེས་པ། ཟབ་པ། བཀས་པའི་༅གཟལ་བ། བཟད་པ། འབ་པ། འུབ་པ། འུར་བ། ཡང་བ། ཡེན་པ། གཡུང་བ། གཡེར་བ། གཡེན་པ། གཡེམ་པ། འགུལ་བའི་༅གཡོམ་པ། རན་པ། ལུག་པའི་༅རླབས་པ། འཕྱང་བའི་༅རློ་བ། རང་བཞིན་གྱིས་ལེགས་པ། གསང་སྟེ་སྨྲ་བའི་༅ཤིབས་པ། རང་བཞིན་གྱིས་གཤིན་པ། བཤེད་པ། བཤེས་པ། བསྲལ་བྱ་སྲལ་བྱེད་བསྲལ། སྲིད་པ། བླུག་པའི་༅སྲུ་བ། རུལ་བའི་༅སྲུལ་བ། བཀོད་པའི་༅སླགས་པ། ཅུང་ཟད་བརྔོས་པའི་༅སླམ་པ། སློས་པ། གསུབ་པ། གསོང་བ། བླུག་པའི་༅བསུག་པ། སྲུང་སྐྱེལ་བྱེད་པའི་༅བསེལ་བ། སེམས་ལ་གཅགས་པའི་༅བསེན་པ། བསགས་པའི་བརྡ་རྙིང་བསྩགས་པ། བསངས་པ་ལ་བསྩངས་པ། བསུ་བ་ལ་བསྩུ་བ། ཧང་བ། ཧྲང་བ། ཧྲད་པ། ཧྲིག་པ། དབྲལ་བའི་༅ཧྲོལ་བ། ལྷོགས་པ། བཅས་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་བཏུས་སོ། །
གཞན་ཡང་། ཁག་བཏགས་པ། ཁ་ལད་པ། ཁ་བསླུས་པ། ཁ་གསོ་བ། ཁམས་ཉོག་པ། ཚུལ་ཞིག་པ། ཚེ་འཕོས་པ། གཙིགས་ལ་འབེབས་པ། ཡི་མུག་པ། ཡི་རང་བ། སེམས་ཕམ་པ། སྤ་བཀོང་བ། སྤང་གོང་བ། ཞེས་པ་ལ་སོགས་པ་མིང་ཚིག་གཞན་དང་ལྷན་དུ་སྤྱོད་པའི་བྱ་ཚིག་འགའ་ཤས་ཡོད་པ་རྣམས་འདིའི་ནང་མ་བསྡུས་པར་བཞག་ཡོད།
དེས་ན་མཁས་པ་རྣམས་ཀྱིས་བློ་གསར་ལས་དང་པོ་བ་འཇུག་པ་བདེ་ཕྱིར་རང་རང་གིས་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་དབྱེ་སྒོ་སོགས་མི་འདྲ་བ་མང་དུ་མཛད་སྟབས། ཕྱོགས་གཅིག་ནས་དགེ་མཚན་དང་ལྡན་ཡང་། གཉིས་ནས་ལས་དང་པོ་བ་རྣམས་མགོ་རྨོངས་ཉེན་ཆེ་བས། ད་ཐེངས་ཕྲན་གྱིས་ཞིབ་འཇུག་མཐིལ་ཕྱིན་ཞིག་བྱ་འདོད་ཡོད་ལགས་ན། འདི་འཆད་པ་ལ་ས་བཅད་གསུམ་སྟེ། མཁས་པས་མཛད་པའི་སྡོམ་ཚིག་འགོད་པ། རང་ལུགས་གང་ཡིན་གསལ་བར་བྱེད་པ། ངེས་པ་འདྲོངས་ཕྱིར་དོགས་པ་གཅོད་པའོ། །
དང་པོ་མཁས་པས་མཛད་པའི་སྡོམ་ཚིག་འགོད་པ།
རྩ་བ་རང་གི་སྐབས་སུ་དུས་གསུམ་གང་ལ་སྔོན་འཇུག་གང་འཇུག་པ་གཙོ་ཆེ་བ་རྣམས་གསུངས་པ་མ་གཏོགས་དུས་གསུམ་སྤྱི་བྱེ་བྲག་ཐོར་བུ་ཞེས་སོགས་ཀྱི་རྣམ་གཞག་མ་མཛད་མོད། བློ་གསལ་དོན་གཉེར་ཅན་གྱི་གསར་བུ་བ་སོགས་འཇུག་པ་བདེ་ཕྱིར་སྡེ་དགེའི་བླ་མ་ནོར་བུ་བསྟན་འཛིན་གྱིས་སྤྱིར་བཏང་བྱེ་བྲག་སོགས་ཀྱི་རྣམ་གཞག་གི་སྲོལ་གསར་གཏོད་མཛད་པས། ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ཀྱང་དེའི་རྗེས་སུ་འབྲངས་པར་མ་ཟད། ད་དུང་ཞིབ་ཚགས་ཇེ་ཆེར་བཏང་ནས་ནང་གསེས་ཀྱི་དབྱེ་བ་མང་པོ་དང་། རིགས་མཐུན་གཅིག་ཏུ་བསྡུས་པའི་དབྱེ་སྒོ་གང་མང་མཛད་སྟབས། བྱ་ཚིག་རེ་རེ་བཞིན་བྱིའུས་རྒུན་འབུ་འཐུ་བ་ལྟར་སྦྱོང་མི་དགོས་པར། བྱ་བརྒྱ་འུར་གཅིག་གི་ཚུལ་དུ་རིགས་པའི་ལམ་ནས་ཕལ་མོ་ཆེ་ཞིག་ཤེས་ཐུབ་པའི་དགེ་མཚན་ཆེན་པོ་དང་ལྡན་ཡོད།
དེས་ན་དོན་གཉེར་ཅན་རྣམས་འཇུག་པ་བདེ་ཕྱིར་མཁས་པའི་དབང་པོ་དག་གིས་གསུངས་པའི་དུས་གསུམ་སྤྱིར་བཏང་བའི་མཚན་ཉིད་སོགས་ཚིག་ཟུར་ལ་ཅུང་ཟད་མི་འདྲ་བ་གང་ཡོད་རྣམས་འགོད་ན།
དང་པོ་དུས་གསུམ་སྤྱིར་བཏང་བ་ལ། ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་གིས་སྤྱི་ལོ་ ༡༩༧༨ ལོར།
བྱ་ཚིག་མ་ནིང་བྱེད་པ་མོ་ཡིས་འཕུལ། །
པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ། །
སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ། །
བརྗོད་བདེར་བྱེད་ཚིག་མ་ནིང་འགྱུར་ཡང་སྲིད། །ཅེས་གསུངས།
ཚེ་ཏན་ཞབས་དྲུང་མཆོག་གིས་སྤྱི་ལོ་ ༡༩༧༩ ལོར་ཐོན་མིའི་ཞལ་ལུང་དུ།
དང་པོ་སྤྱི་ནི་བྱ་ཚིག་མ་ནིང་དང་། །
བྱེད་པ་མོས་འཕུལ་བརྗོད་བདེར་མ་ནིང་སྲིད། །
པ་སྡེ་ལས་གཞན་འདས་པར་ཕོས་འཕུལ་ཞིང་། །
མགོ་ཅན་མེད་ངེས་སྒྲ་གདངས་འགྱུར་བ་འོ། །ཞེས་གསུངས་ཤིང་།
བཀྲ་ཐང་འཇམ་དཔལ་ཡེ་ཤེས་རྒྱལ་མཚན་ནི་ཉན་ཤུལ་དང་མཐུན་ཏེ། ཚིགས་བཅད་དེ་བླ་མ་ནོར་བུ་བསྟན་འཛིན་རང་གིས་མཛད་པ་ཞིག་ཡིན་པར་སྣང་ཡང་བརྟག་པར་བྱ། འགོས་པདྨ་རྒྱལ་མཚན་མཆོག་གིས།
མ་འོངས་མ་ནིང་ད་ལྟར་མོ། །བརྗོད་བདེར་མ་ནིང་ཉུང་ངུར་འཇུག །
པ་སྡེ་ལས་གཞན་འདས་པར་ཕོ། །མིང་གཞི་མགོ་ཅན་ལ་བཏགས་ལ། །
སྔོན་འཇུག་ཕོ་ཡིག་ཁོ་ན་འཇུག །མིང་གཞི་རྐྱང་འདོགས་གཉིས་སུ་ངེས། །
འདི་ནི་དུས་གསུམ་སྤྱི་ཡིན་ནོ། །ཞེས་གསུངས་སོ། །
གཉིས་པ་དུས་གསུམ་བྱེ་བྲག་པའི་མཚན་ཉིད་ལ། ཉན་ཤུལ་མཆོག་གིས།
བྱ་བ་དང་ནི་འདས་པ་ཕོ་ཡིས་འཕུལ། །
བྱེད་ཚིག་ཕལ་ཆེར་འཕུལ་བྱེད་མེད་པ་དང་། །
སྐབས་འགར་འདས་དང་སྐུལ་ཚིག་གཉིས་པོ་ནི། །
རྗེས་འཇུག་ས་ཡིག་རྐྱང་པས་སྟོན་པ་དང་། །
འདི་ནི་མགོ་ཅན་མང་བའི་སྡེ་ཚན་ནོ། །ཞེས་གསུངས།
ཚེ་ཏན་ཞབས་དྲུང་མཆོག་གིས།
གཉིས་པ་བྱེ་བྲག་བྱ་འདས་ཕོས་འཕུལ་བ། །༼བསྲུང་བསྲུངས་ལྟ་བུ་༽
བྱེད་པར་མ་ནིང་མོས་འཕུལ་འཕུལ་མེད་བཞི། །༼གདལ། དགར། འགོམ། སྲུང་ལྟ་བུ་༽
འཕུལ་ཅན་ལ་བལྟོས་མགོ་ཅན་མང་བའི་སྡེ། །
འདས་སྐུལ་གཉིས་ལ་ཡང་འཇུག་ཐོབ་ངེས་པའོ། །༼བསྒྲུབས་སྒྲུབས་ལྟ་བུ་༽ ཞེས་གསུངས།
བཀྲ་ཐང་འཇམ་དཔལ་ཡེ་ཤེས་རྒྱལ་མཚན་མཆོག་གིས།
བྱ་ཚིག་ཕོ་ཡིས་འཕུལ་ལ་འདས་པའང་སྟེ། །
བྱེད་ཚིག་ཕལ་ཆེར་འཕུལ་མེད་ཅན་དུ་ངེས། །
སྐབས་འགར་འདས་ལ་རྗེས་འཇུག་ས་རྐྱང་གིས། །
ཆོག་ནུས་སྟོན་པ་མགོ་ཅན་མང་བའི་སྡེ། །ཞེས་གསུངས།
འགོས་པདྨ་རྒྱལ་མཚན་མཆོག་གིས།
མ་འོངས་འདས་ལ་ཕོ་འཇུག་ཅིང་། །ད་ལྟ་སྐུལ་ཚིག་སྔོན་འཇུག་མེད། །
མིང་གཞི་མགོ་ཅན་ལ་བཏགས་དང་། །ས་ལ་ར་བཏགས་རྐྱང་པའང་ཡོད། །
དུས་གསུམ་བྱེ་བྲག་མཚན་ཉིད་དོ། །ཞེས་གསུངས་ཤིང་།
དེ་དག་དང་མཐུན་པར་དཀའ་གནད་གསལ་བའི་མེ་ལོང་དུའང་།
མ་འོངས་འཕུལ་ཡོད་ཡང་འཇུག་མེད། །
ད་ལྟ་བ་ལ་གཉིས་ཀ་མེད། །
འདས་ལ་བས་འཕུལ་ཡང་འཇུག་ཡོད། །
སྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད། །
སྐབས་འགར་འདས་དང་སྐུལ་ཚིག་ལ། །
ས་རྐྱང་སྦྱར་བས་འཐུས་པའང་ཡོད། །ཅེས་གསུངས་སོ། །
གསུམ་པ་དུས་གསུམ་ཐོར་བུ་བའི་མཚན་ཉིད་ལ། ཉན་ཤུལ་མཆོག་གིས།
གང་ཞིག་དུས་གསུམ་ཚིག་ལ་འཕུལ་མེད་དང་། །
ཡོད་ཀྱང་འཕུལ་ཡིག་གཅིག་ལས་འགྱུར་མེད་དང་། །
འགྱུར་ཡང་སྤྱི་དང་བྱེ་བྲག་གཉིས་པོ་ལ། །
མི་མཐུན་པ་ནི་ཐོར་བུ་བ་ཞེས་བརྗོད། །ཅེས་གསུངས་ཤིང་། བཀྲ་ཐང་ཡང་འདི་བཞིན་ཡིན།
ཚེ་ཏན་ཞབས་དྲུང་མཆོག་གིས།
ཐོར་བུའི་རིགས་ནི་ངེས་མེད་སྣ་ཚོགས་ཅན། །
དབྱེ་བ་བཞི་སྟེ་བྱེ་བྲག་ཕྱོགས་མཐུན་དང་། །༼དྲང། ལྟ་བུ།༽
ད་མཐའ་ཅན་དང་འ་ས་གཉིས་བསྲེས་སྡེ། ། ༼རིམ་བཞིན་བརྩད། བསྐུ། བསྐུས་ལྟ་བུ།༽
བྱ་བྱེད་འདས་སྐུལ་ཕལ་ཆེར་སྒྲ་མཐུན་པའོ། །ཞེས་གསུངས།
འགོས་པདྨ་རྒྱལ་མཚན་མཆོག་གིས།
མ་འོངས་འདས་ལ་ཕོ་འཇུག་ཅིང་། །ད་ལྟར་མོ་འཇུག་བརྗོད་བདེ་ལ། །
མ་ནིང་མིང་གཞི་རྐྱང་འདོགས་ཡིན། །དུས་གསུམ་ཐོར་བུ་ཞེས་སུ་བཏགས། །ཞེས་གསུངས།
གཉིས་པ་རང་ལུགས་གང་ཡིན་གསལ་བར་བྱེད་པ།
གོང་གི་དེ་དག་ལས་རང་ལུགས་ལ་སྤྱི་བྱེ་བྲག་གཉིས་ཀྱི་རྣམ་གཞག་ནི་འདིའི་སྲོལ་གཏོད་པ་པོ་རང་གིས་གསུངས་པ་གཞིར་བཞག་གིས་འཆད་པར་སྤྲོ་སྟེ། དེ་ཉིད་གོ་རྒྱུ་ཆེ་བའི་ཕྱིར་ཏེ། རྩ་བ་ཤོ་ལོ་ཀ་གཅིག་གིས་བསྟན་པའི་སྔོན་འཇུག་སྤྱི་སྟེ། སྔོན་འཇུག་ལྔ་ལས་གཉིས་སམ་གསུམ་གྱི་འཇུག་པ་དང་ལྡན་པའི་དུས་གསུམ་གྱི་བྱ་ཚིག་ལ་སྤྱིར་བཏང་བ་ཟེར་ཞིང་། དེ་རྩ་བས་ཇི་ལྟར་བསྟན་སྙམ་ན། ཕོ་ནི་འདས་དང་། ཞེས་པ་དང་། མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་དང་། ཞེས་པས་བསྟན།
དེའང་ཚིག་སྡེབ་ཅེས་པ་འདི་ནི་བཀྲ་ཐང་སྤྲུལ་སྐུས་མིང་བཏགས་འདུག་སྟེ། དེའི་དོན་ཡང་གཞི་གཅིག་ལ་འཇུག་པའི་དུས་གསུམ་གྱི་བྱ་ཚིག་གསུམ་ཚན་ནམ་སྐུལ་ཚིག་དང་བཅས་ན་བཞི་ཚན་དུ་སྡེབ་པའི་སྡེ་ཞིག་ལ་ཟེར་ཏེ། བརྡ་སྤྲོད་གཞུང་ལ་འཇུག་པའི་ཉམས་སྣང་ལས། བྱ་ཚིག་གང་ཡིན་པའི་མཐར། བྱ་བྱེད་པ་སྐུལ་བཞིས་བརྒྱན་པར་བྱས་ཏེ། བྱ་བ་ཞིག་གི་བྱ་བྱེད་འདས་སྐུལ་ཕྱོགས་གཅིག་སྡེབ་པ་ལ་ཚིག་སྡེབ་ཅེས་བྱ་སྟེ། བགད་བྱ། དགོད་བྱེད། བགད་པ། དགོད་ཅིག་ལྟ་བུ་རིམ་པར་གནས་པ་ལའོ། །ཞེས་སོ། །
དང་པོ། དུས་གསུམ་སྤྱིར་བཏང་བ་ལ་ནང་གསེས་དབྱེ་བ་གསུམ།
ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན་པའི་སྔོན་འཇུག་ལྔ་ལས་གཉིས་སམ་གསུམ་གྱི་འཇུག་པ་དུས་གསུམ་ཚིག་སྡེབ་གཅིག་ཏུ་སྤྱིར་བཏང་ནས་ཡོད་པ་ཞིག་སྟེ། གོ་དོན་དངོས་ནི། དང་པོ་སྤྱི་ནི་བྱ་ཚིག་མ་ནིང་དང་། །          ཞེས་སོགས་གོང་བཀོད་ལྟར་རོ། །
དུས་གསུམ་སྤྱིར་བཏང་བའི་མན་ངག Formula of the General Tenses.
མིང་།
མ་འོངས་པ།
ད་ལྟ་བ།
འདས་པ།
སྐུལ་ཚིག
མིང་གཞི།
གྲངས།
པ་སྡེ་མིན་པའི་སྤྱིར་བཏང་བ།
འ།
བ།
རྐྱང་པ། འདོགས་ཉུང་།
༢༠
ད།
འ།
བ།
རྐྱང་འདོགས།
༡༦
པ་སྡེའི་སྤྱིར་བཏང་བ།
ད།
འ།
༠༼འཕུལ་མེད།༽
རྐྱང་འདོགས།
༡༣
བྱེད་ཚིག་མ་ནིང་ཅན།
བ།
རྐྱང་པ།
༡༨
ད།
ད།
བ།
རྐྱང་འདོགས།
དུས་གསུམ་སྤྱིར་བཏང་བ་རིགས་གསུམ་ལ་དུས་གསུམ་བྱ་ཚིག་ཁྱོན་བསྡོམས་ནས།
༦༩
གསལ་བཤད་ཞུ་རྒྱུར། འདིར་རེའུ་མིག་ཏུ་བཀོད་པའི་༼ག་ད༽ཞེས་སོགས་ནི་སྔོན་འཇུག་མཚོན་བྱེད་དང་། ཀླད་ཀོར་ནི་སྔོན་འཇུག་མེད་པ་མཚོན་བྱེད་དང་། མིང་གཞི་༼རྐྱང་འདོགས་༽སོགས་ནི་དུས་གསུམ་བྱ་ཚིག་དེའི་མིང་གཞི་རྐྱང་འདོགས་བརྩེགས་གསུམ་གང་ཡིན་མཚོན་པ་དང་། གྲངས་ཞེས་པའི་ནང་དུས་གསུམ་བྱ་ཚིག་དུ་ཡོད་ཀྱི་གྲངས་ཐོ་བཀོད་ཡོད།
བདེ་བླག་ཏུ་རྟོགས་ཕྱིར་འདི་དག་གི་དཔེར་བརྗོད་གྲངས་དང་བཅས་པ་ཅུང་ཟད་འགོད་ན།
  1. 1. པ་སྡེ་མིན་པའི་སྤྱིར་བཏང་བ། གཞལ་བྱ་འཇལ་བྱེད་བཅལ་འཇོལ་ཅིག །གདུལ་བྱ་འདུལ་བྱེད་བཏུལ་ཐུལ་ཅིག །གཟུང་བྱ་འཛིན་བྱེད་བཟུང་ཟུངས་ཤིག །གཅག་བྱ་འཆག་བྱེད་བཅགས་ཆོགས་ཤིག །ཅེས་པ་ལ་སོགས་པ་ཉི་ཤུ་༼༢༠༽དང་། དགག་བྱ་འགོག་བྱེད་བཀག་ཁོག་ཅིག །དགང་བྱ་འགེངས་བྱེད་བཀང་ཁོངས་ཤིག །དགུག་བྱ་འགུག་བྱེད་བཀུག་ཁུག་ཅིག །དགོད་བྱ་འགོད་བྱེད་བཀོད་ཁོད་ཅིག །ཅེས་པ་ལ་སོགས་པ་བཅུ་དྲུག་༼༡༦༽བཅས་སོ་དྲུག་ ༼༣༦༽ཡོད།
  2. 2. པ་སྡེའི་སྤྱིར་བཏང་བ། ཆར་སོགས་དབབ་བྱ་འབབ་བྱེད་བབས། །དབབ་བྱ་འབེབས་བྱེད་ཕབ་ཕོབ་ཅིག །དབུག་བྱ་འབིགས་བྱེད་ཕིགས་ཕིགས་ཤིག །དབྱུང་བྱ་འབྱིན་བྱེད་ཕྱུང་ཕྱུངས་ཤིག །ཅེས་པ་ལ་སོགས་པ་བཅུ་གསུམ་ ༼༡༣༽ཡོད།
  3. 3. བྱེད་ཚིག་མ་ནིང་ཅན་གྱི་སྤྱིར་བཏང་བ། དཀར་ཡོལ་གཅག་གཅོག་བཅག་ཆོག་ཅིག ། གཅད་བྱ་གཅོད་བྱེད་བཅད་ཆོད་ཅིག །གཏང་བྱ་གཏོང་བྱེད་བཏང་ཐོངས་ཤིག །གཤག་བྱ་གཤོག་བྱེད་བཤགས་གཤོགས་ཤིག །ཅེས་པ་ལ་སོགས་པ་བྱེད་ཚིག་གས་འཕུལ་ཅན་བཅོ་བརྒྱད་༼༡༨༽དང་། དགར་བྱ་དགར་བྱེད་བཀར་ཁོར་ཅིག །དགྲོང་བྱ་དགྲོང་བྱེད་བཀྲོངས་དགྲོངས་ཤིག །ཅེས་པ་དས་འཕུལ་ཅན་གཉིས་༼༢༽བཅས་དྲུག་ཅུ་རེ་དགུ་༼༦༩༽ཡོད་དོ། །
འདིར་གྲུབ་གཞོན་གྱིས་སྤྱིར་བཏང་བ་ཁག་གསུམ་ལ་རིམ་བཞིན་ ༣༢། ༡༠། ༡༤ བཅས་ཁྱོན་བསྡོམས་ང་དྲུག་༼༥༦༽བཀོད་འདུག་ཀྱང་། ཕྲན་གྱིས་བོད་རྒྱ་ཚིག་མཛོད་ཆེན་མོ་གཞིར་བཞག་པའི་སྟེང་དུ་མཁས་པའི་དབང་པོ་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་དུས་གསུམ་རེའུ་མིག་བཀོད་པ་སོགས་ལས་ཀྱང་ཁ་བསྐངས་ཏེ་ཞིབ་བརྩིས་བྱས་པའི་གྲངས་ནི་གོང་ལྟར་རོ། །
གཉིས་པ། དུས་གསུམ་བྱེ་བྲག་པ་ལ་ནང་གསེས་གསུམ།
དུས་གསུམ་བྱེ་བྲག་པའི་གོ་དོན་ནི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པའི་བརྗོད་བྱའི་ཕོ་བ་ཡིག་གི་འཇུག་པ་བྱེ་བྲག་ཏུ་བཀར་བའི་དུས་གསུམ་གྱི་བྱ་ཚིག་་ཅིག་ལ་དུས་གསུམ་བྱེ་བྲག་པ་ཞེས་ཟེར་ཞིང་། གོ་དོན་དངོས་ནི། གཉིས་པ་བྱེ་བྲག་བྱ་འདས་ཕོས་འཕུལ་བ། །ཞེས་སོགས་གོང་བཀོད་ལྟར་ཡིན་ལ། དེ་རྩ་བས་བསྟན་ཚུལ་ནི། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པས་བསྟན་ཏོ། །
དུས་གསུམ་བྱེ་བྲག་པའི་མན་ངག Formula of the Particular Tenses.
ཨང
མིང་།
མ་འོངས་པ།
ད་ལྟ་བ།
འདས་པ།
སྐུལ་ཚིག
མིང་གཞི།
གྲངས།
བྱེད་ཚིག་འཕུལ་མེད་ཅན།
བ།
༠༼འཕུལ་མེད།༽
བ།
མགོ་ཅན་མང་། འདོཌ། རྐྱང་ཉུང་།
༢༣༩
བྱེད་ཚིག་གས་འཕུལ་ཅན།
བ།
བ།
ཕལ་ཆེར་འཕུལ་མེད།
རྐྱང་པ།
༡༧
དས་འཕུལ་ཅན།
བྱེད་ཚིག་འས་འཕུལ་ཅན།
བ།
འ།
བ།
ཕལ་ཆེར་འཕུལ་མེད།
རྐྱང་པ་མང་། འདོགས་ཉུང་།
༤༠
དུས་གསུམ་བྱེ་བྲག་པ་རིགས་གསུམ་ལ་དུས་གསུམ་གྱི་བྱ་ཚིག་ཁྱོན་བསྡོམས་ནས།
༢༩༧
བདེ་བླག་ཏུ་རྟོགས་ཕྱིར་འདི་དག་གི་དཔེར་བརྗོད་གྲངས་དང་བཅས་པ་ཅུང་ཟད་འགོད་ན།
  1. བྱེད་ཚིག་འཕུལ་མེད་ཅན། བསྒྲུབ་བྱ་སྒྲུབ་བྱེད་བསྒྲུབས་སྒྲུབས་ཤིག །བཟའ་བྱ་ཟ་བྱེད་བཟས་ཟོ་ཞིག །བསམ་བྱ་སེམས་བྱེད་བསམས་སོམས་ཤིག །བསྲུང་བྱ་སྲུང་བྱེད་བསྲུངས་སྲུངས་ཤིག །ཅེས་པ་ལ་སོགས་པ་ཉིས་བརྒྱ་སོ་དགུ་༼༢༣༩༽ཡོད།
  2. བྱེད་ཚིག་གས་འཕུལ་ཅན། བཅུར་བྱ་གཅུར་བྱེད་བཅུར་ཆུར་ཅིག །བཏམ་བྱ་གཏམ་བྱེད་བཏམས་གཏོམས་ཤིག །བཤུང་བྱ་གཤུང་བྱེད་བཤུངས་ཤུངས་ཤིག །བསབ་བྱ་གསོབ་བྱེད་བསབས་སོབས་ཤིག །ཅེས་པ་ལ་སོགས་པ་བཅུ་བདུན་༼༡༧༽ཡོད་ཅིང་། བགད་བྱ་དགོད་བྱེད་བགད་དགོད་ཅིག་ཅེས་པ་མ་གཏོགས་བྱེད་ཚིག་དས་འཕུལ་ཅན་གྱི་བྱེ་བྲག་པ་མེད་པས་ལོགས་སུ་མ་བགྲངས་སོ། །
  3. བྱེད་ཚིག་འས་འཕུལ་ཅན། བཀལ་བྱ་འཁལ་བྱེད་བཀལ་འཁོལ་ཅིག །བཀོལ་བྱ་འཁོལ་བྱེད་བཀོལ་ཁོལ་ཅིག །བདའ་བྱ་འདེད་བྱེད་བདས་དེད་ཅིག །བཟེད་བྱ་འཛེད་བྱེད་བཟེད་ཟེད་ཅིག །ཅེས་པ་ལ་སོགས་པ་བཞི་བཅུ་༼༤༠༽སྟེ། དས་འཕུལ་ཅན་གཅིག་བཅས་ཁྱོན་བསྡོམས་ཉིས་བརྒྱ་གོ་བདུན་༼༢༩༧༽ཡོད་དོ། །
བྱེད་ཚིག་འཕུལ་མེད་ཅན་འདི་ལ་བཀྲ་ཐང་སྤྲུལ་སྐུ་མཆོག་གིས་མིང་གཞི་རྐྱང་པའི་བྱེད་ཚིག་འཕུལ་མེད་ཅན་དང་། མིང་གཞི་བརྩེགས་མའི་བྱེད་ཚིག་འཕུལ་མེད་ཅན་གཉིས་སུ་ཕྱེ་གནང་འདུག་པ་ལེེགས་བཤད་དོ། །གཞན་ཡང་། འགོས་པདྨ་རྒྱལ་མཚན་མཆོག་གིས་ཕྱི་མ་གཉིས་པོ་ཐོར་བུ་བར་བཞེད་ཅིང་། བྱེ་བྲག་པ་ནི་དཀའ་གནད་གསལ་བའི་མེ་ལོང་ལས་བསྟན་པ་ལྟར་བཞེད་དེ། སྔར་ཕྲན་གྱིས་ཀྱང་སྤྱི་ལོ་༡༩༩༩ ལོར་བརྡ་སྤྲོད་འདོད་འཇོའི་ནོར་སྔོན་དུ་དེ་ལྟར་བཀོད་མོད། ད་ཆར་ལུགས་འདིའི་སྲོལ་གཏོད་པ་པོ་ཁོང་གིས་བཞེད་པ་ལྟར་ཏེ་གོང་བཞིན་འདོད་དོ། །
གཞན་ཡང་། འགོས་དང་གྲུབ་གཞོན་གཉིས་ཀྱིས་བྱེད་ཚིག་འཕུལ་མེད་ཅན་ལ་ ༢༢༥ དང་། གས་འཕུལ་ཅན་ལ་ ༡༥ དང་། འས་འཕུལ་ཅན་ལ་ ༣༣ བཅས་ཁྱོན་བསྡོམས་ ༢༧༣ བཀོད་འདུག་ཅིང་། ཕྱི་མ་གཉིས་ནི་ཐོར་བུ་བར་བཞེད་པ་སོགས་མི་འདྲ་བ་སྣ་ཚོགས་མཆིས་ཀྱང་། མིང་མི་འདྲ་བ་ཙམ་ལས་དོན་ལ་མཛུབ་མོ་འཛུགས་ས་ནི་གཅིག་ཡིན་པས། དགག་གཞག་གི་གནད་ཀ་མ་མཐོང་ངོ་། །
གསུམ་པ། དུས་གསུམ་ཐོར་བུ་བ་ལ་ནང་གསེས་དྲུག
གོང་དུ་བཤད་པའི་སྤྱིར་བཏང་བ་དང་བྱེ་བྲག་གང་གིའང་ཁོངས་སུ་མི་གཏོགས་པའི་དུས་གསུམ་གྱི་བྱ་ཚིག་ལ་དུས་གསུམ་ཐོར་བུ་བ་ཞེས་ཟེར་ཞིང་། རྩ་བས་བསྟན་ཚུལ་ཡང་། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་སོགས་ཀྱིས་ཕོ་བ་ཡིག་འདས་པ་ལ་འཇུག་པའི་ཐོར་བུ་བ་བསྟན་པ་སོགས་ཅི་རིགས་པ་སྦྱར་བར་བྱའོ། །
དུས་གསུམ་ཐོར་བུ་བའི་མན་ངག Formula of the Miscellaneous Tenses.
མིང་།
མ་འོངས་པ།
ད་ལྟ་བ།
འདས་པ།
སྐུལ་ཚིག
མིང་གཞི།
གྲངས།
ཉ། ཀ=འཕུལ་མེད་ཅན།
ག= ཤུགས་བསྟན་ཁྱབ་མཉམ་ཆ་འདྲ།
འཕུལ་ཡོད་མེད་ཅི་རིགས།
རྐྱང་འདོགས་མགོ
༥༣༨
ཉ།ཀ=འཕུལ་གཅིག་ཅན།
ག= ཁྱབ་མཉམ།
༥ ཅི་རིགས། (༥ ནི་སྔོན་འཇུག་ལྔའོ།།)
༥ ཅི་རིགས།
༥ ཅི་རིགས།
༥ ཅི་རིགས།
རྐྱང་འདོགས་མགོ
༥༦༩
བྱ་འདས་མས་འཕུལ་ཅན། ག=བྱེ་བྲག་ཆ་འདྲ།
མ།
མ།
རྐྱང་པ།
བྱེད་ཚིག་འ་རྐྱང་ཅན།
ག=ཐོར་བུ་ཆ་འདྲ།
འ།
རྐྱང་འདོགས།
༡༣
ཀ=འ་ཡིག་གཉིས་ལྡན།
ག=ཁྱབ་མཉམ་ཆ་འདྲ།
འ།
འ།
རྐྱང་འདོཌ།
༦༦
དུས་གསུམ་ཐོར་བུ་བ་རིགས་ལྔ་ལ་བྱ་ཚིག་ཁྱོན་བསྡོམས་ནས།
༡༡༩༡
གསལ་བཤད་ཞུ་རྒྱུར། འདིར་༼ཉ༽རྟགས་ནི་མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་དང་། ༼ཀ༽རྟགས་ནི་བཀྲ་ཐང་སྤྲུལ་སྐུ་དང་། ༼ག༽རྟགས་ནི་མཁས་དབང་འགོས་པདྨ་རྒྱལ་མཚན་མཚོན་བྱེད་ཡིན་པར་ངེས་དགོས་ཤིང་། ཁོང་རྣམ་པས་དོན་གཅིག་ལ་མིང་མི་འདྲ་བ་ཇི་ལྟར་བཏགས་ཚུལ་མཚོན་ཙམ་ནི་དཔེར་ན།  ༡ འདི་ལ་ཉན་ཤུལ་དང་བཀྲ་ཐང་གཉིས་ཀྱིས་འཕུལ་མེད་ཀྱི་ཐོར་བུ་བ་ཞེས་གསུངས་ཀྱང་། འགོས་པདྨ་རྒྱལ་མཚན་གྱིས་ཤུགས་བསྟན་གྱི་ཁྱབ་མཉམ་ཆ་འདྲ་བ་ཞེས་པའི་མིང་བཏགས་ནས་དེ་ལྟར་བཞེད་དོ། །
༢ འདི་ལའང་ཉན་ཤུལ་དང་བཀྲ་ཐང་གིས་འཕུལ་གཅིག་སྡེ་ཚན་དུ་བཞེད་ཀྱང་། འགོས་ཀྱིས་ཁྱབ་མཉམ་གྱི་ཐོར་བུ་བར་བཞེད་པ་སོགས་མང་དུ་ཡོད་མོད། མིང་མི་འདྲ་བ་ཙམ་ལས་དོན་ལ་མཛུབ་མོ་འཛུགས་ས་ནི་གཅིག་རང་ཡིན་པས། དགག་བཞག་གི་སྤྲོས་པ་བྱ་མི་དགོས་སོ། །
དེའི་ཕྱིར་དེ་དག་རྣམ་པར་གསལ་བར་བྱེད་པའི་དཔེར་བརྗོད་འགའ་རེ་བརྗོད་ན་འདི་ལྟར།
  1. ཐོར་བུ་འཕུལ་མེད་ཅན། མཛུབ་མོ་ཀེར་བྱ་ཀེར་བྱེད་ཀེར། །རྩོད་ལན་ཀླན་བྱ་ཀླན་བྱེད་ཀླན། །ཁེ་བཟང་ཁུག་བྱ་ཁུག་བྱེད་ཁུགས། །བཀག་ནས་ཁེག་བྱ་ཁེག་བྱེད་ཁེགས། །ཞེས་པ་ལ་སོགས་པ་ལྔ་བརྒྱ་སུམ་ཅུ་སོ་བརྒྱད་༼༥༣༨༽ཡོད།
  2. ཐོར་བུ་འཕུལ་གཅིག་ཅན། མས་འཕུལ་མཁས་བྱ་མཁས་བྱེད་མཁས། །འས་འཕུལ་འཁང་བྱ་འཁང་བྱེད་འཁངས། །དས་འཕུལ་དཀུ་བྱ་དཀུ་བྱེད་དཀུ། །གས་འཕུལ་གཅི་བྱ་གཅི་གཅིས་གཅིས། །བས་འཕུལ་བཀན་བྱ་བཀན་བཀན་བཀན། །ཞེས་པ་ལ་སོགས་པ་ལྔ་བརྒྱ་དྲུག་ཅུ་རེ་དགུ་༼༤༦༩༽ཡོད་ཅིང་། འདི་དང་གོང་མ་དག་ལས་མང་ཆེ་བ་ནི། འདས་སྐུལ་གཉིས་ལ་ཡང་འཇུག་ཐོབ་པ་ཕུད། དེ་མིན་སྔོན་འཇུག་མིང་གཞི་དང་བཅས་པ་མི་འགྱུར་བའི་རིགས་ཡིན།
  3. བྱ་འདས་མས་འཕུལ་ཅན། མཉན་བྱ་ཉན་བྱེད་མཉན་ཉོན་ཅིག །མནམ་བྱ་ནབ་བྱེད་མནབས་ནོབས་ཤིག །མནམ་བྱ་ནོམ་བྱེད་མནམས་ནོམས་ཤིག །ཅེས་པ་ནི་བྱ་འདས་གཉིས་མས་འཕུལ་ཞིང་། ད་ལྟ་སྐུལ་ཚིག་གཉིས་ལ་འཕུལ་མེད་པ་སྟེ་གྲངས་བཞི་༼༤༽ཁོ་ནའོ། །
  4. བྱེད་ཚིག་འ་རྐྱང་ཅན། དྲལ་བྱ་འདྲལ་བྱེད་དྲལ་དྲོལ་ཅིག །བྲིད་བྱ་འབྲིད་བྱེད་བྲིད་བྲིད་ཅིག །དྲི་བྱ་འདྲི་བྱེད་དྲིས་དྲིས་ཤིག །དྲང་བྱ་འདྲེན་བྱེད་དྲངས་དྲོངས་ཤིག །བྲུ་བྱ་འདྲུ་བྱེད་བྲུས་བྲུས་ཤིག །བོད་བྱ་འབོད་བྱེད་བོས་བོས་ཤིག །བྱུག་བྱ་འབྱུག་བྱེད་བྱུགས་བྱུགས་ཤིག །བྱོ་བྱ་འབྱོ་བྱེད་བྱོ་བྱོས་ཤིག །བྲབ་བྱ་འབྲབ་བྱེད་བྲབས་བྲོབས་ཤིག །བྲི་བྱ་འབྲི་བྱེད་བྲིས་བྲིས་ཤིག །བྲིམ་བྱ་འབྲིམ་བྱེད་བྲིམས་བྲིམས་ཤིག །བྲུ་བྱ་འབྲུད་བྱེད་བྲུས་བྲུས་ཤིག །བྲུབ་བྱ་འབྲུབ་བྱེད་བྲུབས་བྲུབས་ཤིག །ཅེས་པ་རྣམས་ནི། བྱེད་ཚིག་ཁོ་ན་ལ་འ་ཡིག་གིས་འཕུལ་ཞིང་། གཞན་ལ་སྔོན་འཇུག་མེད་པ་གྲངས་བཅུ་གསུམ་༼༡༣༽དུ་ངེས་པའོ། །
  5. འ་ཡིག་གཉིས་ལྡན། འཁུར་བྱ་འཁུར་བྱེད་ཁུར་ཁུར་ཅིག །འཁེལ་བྱ་འཁེལ་བྱེད་ཁེལ་ཟིན་ཏོ། །འགྲོ་བྱ་འགྲོ་བྱེད་ཕྱིན་སོང་ཞིག །འཆར་བྱ་འཆར་བྱེད་ཤར་ཟིན་ཏོ། །ཞེས་སོགས་བྱ་བྱེད་གཉིས་ལ་འས་འཕུལ་ཞིང་། འདས་སྐུལ་གཉིས་ལ་འཕུལ་མེད་ཀྱི་རིགས་ཏེ་གྲངས་དྲུག་ཅུ་རེ་དྲུག་༼༦༦༽ཐམ་པ་ཡོད་པས། དེ་ལྟར་ན། ཐོར་བུ་བའི་བྱ་ཚིག་ཁྱོན་བསྡོམས་ན། ཆིག་སྟོང་ཆིག་བརྒྱ་དགུ་བཅུ་གོ་གཅིག་༼༡༡༩༡༽ཐམ་པ་ཡོད་དོ། །
བྱ་འདས་གས་འཕུལ་ཅན། འདི་ལ་འགོས་པདྨ་རྒྱལ་མཚན་མཆོག་གིས་སྤྱིར་བཏང་ཆ་འདྲ་ཞེས་བཏགས་ཤིང་། གྲུབ་གཞོན་སྐལ་བཟང་ཕུན་ཚོགས་ཀྱིས་དཔེར་བརྗོད་བཅུ་ཙམ་བཞག་འདུག་ཀྱང་། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་ཡོངས་གྲགས་ཁག་དང་མི་མཐུན་པས་རེ་ཞིག་རྣམ་གཞག་མ་བྱས་སོ། །གཞན་ཡང་། གྲུབ་གཞོན་གྱིས་འདི་རྣམས་ལ་རིམ་བཞིན་༼༣༥༡༽དང་། ༼༣༨༦༽དང་། ༼༥༽ ༼༡༣༽ ༼༥༦༽བཅས་བཀོད་འདུག་གོ །


གསུམ་པ་ངེས་པ་འདྲོངས་ཕྱིར་དོགས་པ་གཅོད་པ།
བྱ་བྱེད་ཐ་དད་མི་དད་ཀྱི་དཔེར་བརྗོད་སྤྱོད་ཚུལ་ལ་འགའ་རེས། བཀྲ་ཤིས་ཀྱིས་བསྐྱིལ། བཀྲ་ཤིས་འཁྱིལ། མཇུག་མས་བསྣར། མཇུག་མ་ནར། ལག་པས་བསྐུམས། ལག་པ་འཁུམས། རྐང་པས་བཅག རྐང་པ་ཆག ཅེས་སོགས་བཀོད་འདུག་པས། ཚིག་ཟིན་ལ་བརྟགས་ན་བྱ་བྱེད་ཐ་དད་པ་ལ་བྱེད་སྒྲ་སྦྱར་དགོས་པར་རྟོགས་ཀྱང་། བྱེད་སྒྲ་གཞི་གང་ལ་སྦྱར་དགོས་པའི་རྣམ་དབྱེ་ལེགས་པོར་མ་རྟོགས་པའི་རྣམ་འགྱུར་དུ་གསལ་ཏེ། ལག་པས་བསྐུམས། རྐང་པས་བཅག་ཅེས་བརྗོད་ཚེ། བྱེད་པ་པོའམ་བྱེད་པ་ནི་ལག་པ་དང་རྐང་པ་ལ་བྱ་དགོས་པ་མ་གཏོགས། བསྐུམ་རྒྱུ་དང་གཅག་རྒྱུ་ལག་པ་དང་རྐང་པ་ཡིན་པར་མི་གོ གལ་ཏེ་ལག་པ་དང་རྐང་པ་བསྐུམས་པ་དང་བཅག་པར་བརྗོད་པའི་ཚེ་བྱེད་པ་པོའི་དངོས་པོ་བདག་ནི་དངོས་སུ་མ་སྨོས་པ་ཙམ་ཡིན་པས། ལག་པ་དང་རྐང་པ་ལ་བྱེད་སྒྲ་སྦྱར་མི་རུང་། དེས་ན་བྱ་བྱེད་ཐ་དད་པ་ལ་བྱེད་སྒྲ་སྦྱོར་བའི་གཞི་ནི་དངོས་པོ་བདག་ཁོ་ན་ཡིན་གྱི། བྱ་བ་དེ་འབྲེལ་གྱི་དངོས་པོ་གཞན་ལ་བྱེད་སྒྲ་གཏན་ནས་མི་འཐོབ་བོ། །
དེ་བཞིན་བཀྲ་ཤིས་འཁྱིལ་ཞེས་པའང་བདེ་བོ་ཞིག་མི་འདུག་པས། ཐོས་མ་ཐག་ཏུ་བཞད་གད་ལྡིར་རེ་འགྲོ་ངེས་ཤིང་། བཀྲ་ཤིས་ཀྱིས་ཆུའམ་ཐག་པ་སོགས་བསྐྱིལ། ཆུའམ་སྦྲུལ་འཁྱིལ། ཞེས་སོགས་བརྗོད་ན་ནི་ཤིན་ཏུ་བདེ་བར་སྣང་ངོ་། །
གཞན་ཡང་། ཟ་བྱ་ཟ་བྱེད་བཟས། རྒྱག་བྱ་རྒྱག་བྱེད་བརྒྱབ། མནན་བྱ་གནོན་བྱེད་མནན་ནོན། ཞེས་པ་ལྟ་བུ་ཤིན་ཏུ་དམིགས་བསལ་ཅན་གཉིས་གསུམ་ཞིག་འདུག་པ་རྣམས་ནི། སྟབས་བདེའི་ཆེད་འཕུལ་གཅིག་པའི་ཐོར་བུ་བའི་ཁོངས་སུ་རེ་ཞིག་བགྲངས་ཡོད།
ཡང་། མཁྱེན་ཅིག་ཅེས་པའི་སྐུལ་ཚིག་སྤྱོད་པ་ལྟ་བུའང་མཐོང་རྒྱུ་འདུག་མོད། དེ་ནི་བྱ་ཚིག་ལ་རང་དབང་ཅན་དང་གཞན་དབང་ཅན་གྱི་རིགས་གཉིས་ཡོད་པ་མ་མཁྱེན་པའི་རྟགས་ཏེ། དེའང་བྱེད་འབྲེལ་དང་བྱེད་མེད་ལས་ཚིག་གཉིས་ཀ་ལའང་རང་དབང་ཅན་དང་གཞན་དབང་ཅན་གྱི་རིགས་གཉིས་རེ་ཡོད་ཚུལ་ཁོ་བོས་བོད་ཀྱི་སྡེབ་སྦྱོར་རིག་པའི་གཞུང་ལུགས་གཏམ་འོད་ཟེར་བརྒྱ་པ་རུ་བཤད་ཟིན་པ་འདིར་ཡང་དྲན་པར་བྱ་ལ། མཁས་དབང་མཁྱེན་རབ་འོད་གསལ་གྱིས་ཚུར་བྱུང་བའི་བྱ་བ་དང་ཕར་བྱས་པའི་བྱ་བ་ཞེས་པའི་བརྡ་སྦྱར་བའང་རིམ་བཞིན་གཞན་དབང་དང་རང་དབང་ཅན་ལ་གོ་དགོས་པས། གཞན་དབང་ཅན་གྱི་བྱ་ཚིག གཉིད་པ། མཐོང་བ། སྐྱེ་བ། ཤེས་པ། ཚོར་བ། ཞེས་སོགས་ལ་ཐད་ཀར་སྐུལ་ཚིག་སྦྱར་དུ་མེད་མོད། བྱ་ཚིག་གཞན་དང་ལྷན་དུ་སྦྱར་ཏེ་སྐུལ་ཚིག་སྤྱོད་ཆོག་པ་ནི་དཔེར་ན། མཐོང་བར་གྱིས། སྐྱེ་བར་བྱོས། མཁྱེན་པར་མཛོད། ལྟ་བུའོ། །མདོར་ན་ཉལ་བ། ལྟ་བ། སྐྱེད་པ། ཞེས་སོགས་རང་དབང་ཅན་གྱི་བྱ་བ་ཁག་ལ་སྐྱེས་བུའི་རྩོལ་བ་དངོས་སུ་འཇུག་པར་བྱེད་ནུས་པའི་རྒྱུ་མཚན་གྱིས་རང་དབང་ཅན་གྱི་བྱ་ཚིག་ལ་སྐུལ་ཚིག་ཐོབ་ཅིང་། གཞན་དབང་ཅན་གྱི་བྱ་བ་རྣམས་ལ་སྐྱེས་བུའི་རྩོལ་བ་དངོས་སུ་འཇུག་པར་བྱེད་མི་ནུས་པས་དེ་མི་འཐོབ་པ་ཡིན་སྙམ་མོ། །
འདིར་ངེས་པ་འདྲོངས་ཕྱིར་ཅུང་ཟད་བཤད་ན་འདི་ལྟར།
  1. ཀ༽ མགོ་ཅན་བས་འཕུལ་གྱི་མིང་གཞི་ཀ་དང་འབྲེལ་བའི་བྱ་ཚིག་ཡིན་ན། དུས་གསུམ་བྱེ་བྲག་པ་ཡིན་པས་ཁྱབ། ༼ཀླུབ་ཀློག་གཉིས་བརྩིས་པས་བྱེ་བྲག་པ་གྲངས་ ༤༤ ཡོད།༽
  2. ག༽ བས་འཕུལ་མགོ་ཅན་གྱི་མིང་གཞི་གའི་བྱ་ཚིག་ཡིན་ན། བྱེ་བྲག་པའི་བྱ་ཚིག་ཡིན་པས་ཁྱབ།
  3. ང༽ བསྔགས་ཞེས་པ་མ་གཏོགས་བ་ཡིག་གིས་འཕུལ་བའི་མིང་གཞི་ངའི་བྱ་ཚིག་ལ་བྱེ་བྲག་པས་ཁྱབ།
  4. ཉ༽ བརྙས་བརྙེས་བརྙོག་བསྙེལ་མ་གཏོགས་པའི་བ་སྔོན་འཇུག་ཅན་གྱི་ཉ་ཡིག་ལ་བྱེ་བྲག་པའི་བྱ་ཚིག་ཡིན་པས་ཁྱབ་ཅིང་། དེ་ལ་མགོ་ཅན་ཡིན་པས་ཀྱང་ཁྱབ་བོ། །༼གྲངས་ ༢༤ ཡོད།༽ མཉན་ཉན་མཉན་ཉོན། གཉག་གཉོག་གཉགས་གཉོགས། མཉེ་མཉེད་མཉེས་མཉེས། གསུམ་པོ་མ་གཏོགས་ ༤༠ པོ་ཐམས་ཅད་གཟུགས་མི་འགྱུར་བའོ། །
  5. ཏ༽ བརྟ། བལྟམས། བསྟོད་གསུམ་ལས་གཞན་པའི་བས་འཕུལ་མགོ་ཅན་གྱི་ཏའི་བྱ་ཚིག་ལ་བྱེ་བྲག་པས་ཁྱབ།
  6. པ༽ དཔྱང་དཔྱོང་དཔྱངས་དཔྱོངས། དཔྱད་དཔྱོད་དཔྱད་དཔྱོད། སྤག་སྤོག་སྤོགས་སྤོགས། སྤང་སྤོང་སྤངས་སྤོངས། སྤར་སྤོར་སྤར་སྤོར། སྤྱད་སྤྱོད་སྤྱད་སྤྱོད། མ་གཏོགས་ ༣༠ ཐམས་ཅད་མི་འགྱུར་བ་ཁོ་ན་ཡིན།
  7. མ༽ མྱང་མྱོང་མྱངས་མྱོངས། རྨྱང་རྨྱོང་རྨྱངས་རྨྱོངས། སྨད་སྨོད་སྨད་སྨོད། རྨད་རྨེད་རྨད་རྨེད། མ་གཏོགས་ ༤༨ པོ་ཐམས་ཅད་མི་འགྱུར་བ་ཡིན་ནོ། །
  8. བྱ་འདས་མས་འཕུལ་ཅན་གྱི་བྱ་ཚིག་ལྔ་ལས་གཞན་པའི་འདས་ཚིག་མས་འཕུལ་ཅན་ཡིན་ན། དུས་གསུམ་ཀ་ལ་མས་འཕུལ་བས་ཁྱབ།
  9. གཉུལ་གཉུལ་ཉུལ་ཉུལ། གཏིག་གཏིག་འཐིགས་གཏིགས། གཏིབ་གཏིབ་འཐིབས་གཏིབས། གཏུམ་གཏུམ་བཏུམས། བཏུམས། གནན་གནོན་མནན་ནོན། ཅེས་པ་ལ་སོགས་པ་ནི་མཁས་པ་འགས་འདི་ལྟར་བཀོད་འདུག་ཀྱང་། བརྡ་སྤྲོད་ཀྱི་སྤྱི་སྲོལ་དང་མི་མཐུན་ཞིང་། ཚད་ལྡན་ཡིག་ཆ་ཁག་ཏུ་འདི་འདྲ་བྲིས་པ་མི་དྲན་པས། འཐད་ལྡན་དུ་མ་བྱས་སོ། །
  10. འདི་དག་ནི་གོང་གི་རེའུ་མིག་ལས་རིགས་འགྲེས་རྒྱ་ཆེར་ཤེས་པར་བྱ་སྟེ། དེང་བོད་རྒྱ་ཚིག་མཛོད་ཆེན་མོའི་མཇུག་གི་རེའུ་མིག་ཏུ་བཀོད་པ་དག་ནི་དེང་སང་གཙོ་བོར་བེད་སྤྱོད་བྱེད་བཞིན་པ་ཡིན་ཞིང་། དེར་བརྡ་རྙིང་ཕལ་ཆེ་བ་མེད་པས། དེ་ཉིད་ལེགས་པར་སྦྱང་བར་བྱའོ། །
གོང་གི་རེའུ་མིག་དེ་དག་དང་མཐུན་པར་བློ་འཛིན་བདེ་ཕྱིར་སྡོམ་དུ་བསྡུ་ན་འདི་ལྟར།
དུས་གསུམ་སྤྱི་བྱེ་ཐོར་བུ་རྣམ་གསུམ་ལས། །
པ་སྡེ་ལས་གཞན་བྱ་ཚིག་མ་ནིང་གཉིས། །
བྱེད་པར་མོས་འཕུལ་འདས་ལ་བས་འཕུལ་ཏེ། །
ག་དས་འཕུལ་ལ་ཉི་ཤུ་བཅུ་དྲུག་ངེས། །
པ་སྡེའི་སྤྱི་ལ་བྱ་ཚིག་དར་ངེས་ཤིང་། །
བྱེད་པར་འས་འཕུལ་འདས་ལ་འཕུལ་མེད་དེ། །
མིང་གཞི་རྐྱང་འདོགས་གྲངས་ནི་བཅུ་གསུམ་མོ། །
བྱ་བྱེད་ག་དང་འདས་ལ་བས་འཕུལ་ཅན། །
མིང་གཞི་རྐྱང་པ་བཅོ་བརྒྱད་ཁོ་ནར་ངེས། །
བྱ་བྱེད་ད་དང་འདས་ལ་བས་འཕུལ་ཅན། །
མིང་གཞི་རྐྱང་འདོགས་གྲངས་ནི་གཉིས་ཁོ་ན། །
སྤྱིར་བཏང་གསུམ་ལ་བྱ་ཚིག་རེ་དགུ་ཡོད། །
བྱེ་བྲག་པ་ལ་བྱ་འདས་ཕོས་འཕུལ་ཞིང་། །
བྱེད་པར་འཕུལ་མེད་ཉིས་བརྒྱ་སོ་དགུ་དང་། །
གས་འཕུལ་བཅུ་བདུན་འས་འཕུལ་བཞི་བཅུ་དང་། །
བྱེད་པར་དས་འཕུལ་ཅན་ནི་གཅིག་ཁོ་ན། །
ཐོར་བུའི་རིགས་ལ་ལྔ་ལས་དང་པོ་ནི། །
དུས་གསུམ་འཕུལ་མེད་ལྔ་བརྒྱ་སོ་བརྒྱད་དང་། །
འཕུལ་གཅིག་ཅན་ནི་ལྔ་བརྒྱ་རེ་དགུ་ཡོད། །
བྱ་འདས་མས་འཕུལ་ཅན་ལ་གྲངས་བཞི་དང་། །
བྱེད་ཚིག་འ་རྐྱང་ཅན་ལ་བཅུ་གསུམ་དང་། །
བྱ་བྱེད་འས་འཕུལ་ཅན་ལ་རེ་དྲུག་སྟེ། །
དུས་གསུམ་བྱ་ཚིག་འདྲ་བ་མང་བའི་ཕྱིར། །
སྤྱི་བྱེ་ཉུང་ཞིང་ཐོར་བུ་མང་བའོ། །
ཞེས་པ་འདིའང་སེར་བྱེས་ཏྲེ་ཧོར་མཁར་སྒང་བསོད་ནམས་དབང་ལྡན་གྱིས་ ༢༠༡༡།༡༠ ནང་ལོ་འཁོར་རྩོད་རྒྱུགས་ཆེན་མོ་གྲུབ་རྗེས་ཀྱི་བར་སྟོང་སོགས་སྤྱད་དེ་བསྒྲིགས་ཤིང་། ༢༠༡༡།༡༡།༢༢ ཉིན་ཏེ། འཇང་དགུན་ཆོས་ཆེན་མོ་འཚོགས་བཞིན་པའི་གུང་སེང་རེས་གཟའ་མིག་དམར་ཉིན་མཇུག་ལེགས་པར་གྲུབ་པར་བྱས་པའི་དགེ་བས་ཀུན་ལ་ཕན་ཐོགས་པར་གྱུར་ཅིག ། །།